WORKSHOP ON TIBETAN POETRY , LANGUAGE & LITERATURE


༄༅། །ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༡༠ ཚེས ༣ ནས ༡༥ བར་རིག་གནས་ཟབ་ཁྲིད་ལས་རིམ་གྱི་བྱུང་བ་སྙིང་བསྡུས།
འཁྲིད་བྱའི་བསྟན་བཅོས།

  • པྲ་ཏི་དགེ་བཤེས་རིན་དོན་གྲུབ་ཀྱིས་མཛད་པའི་རྟགས་འཇུག་གི་འགྲེལ་བ་དང་།
  • ༸རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་དཔལ་བཟང་པོས་མཛད་པའི་རང་གི་བླ་མ་སྤྱན་སྔ་གྲགས་པ་བྱང་ཆུབ་ཀྱི་རྟོགས་པ་བརྗོད་པ་སྙན་དངགས་བྱིན་རླབས་ཀྱི་ལྷུན་པོ།

ཟབ་ཁྲིད་གནང་མཁན། སེར་བྱེས་དགེ་བཤེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས།
འཁྲིད་ཡུལ་གྱི་སློབ་མ། བོད་ཡིག་ཆེད་སྦྱོང་གི་སློབ་གཉེར་བ་ ༩༨ དང་འབྲེལ་ཡོད་རྒན་ལགས་རྣམ་པ།
ཁྲིད་ཡུན། ཕྱི་ཟླ་ ༡༠ ཚེས་ ༣ ནས ༡༥ བར་བདུན་གཉིས་ཀྱི་རིང་ཆུ་ཚོད་ ༢༢ ཧྲིལ་པོའི་རིང་ཟབ་ཁྲིད་གནང་།

༈ ཟབ་ཁྲིད་གནང་མཁན་གྱི་ངོ་སྤྲོད་སྙིང་བསྡུས།

tibetan00003

  • སེར་བྱེེས་དགེ་བཤེས་ལྷ་རམས་པ་རོང་བོ་བློ་བཟང་སྙན་གྲགས་ལགས་ནི། མདོ་སྨད་གཅན་ཚ་རྫོང་དུ་ཕྱི་ལོ་ ༡༩༧༠ ལོར་འཁྲུངས། ཆུང་དུས་ན་རྫོང་མི་རིག་སློབ་འབྲིང་བར་སློབ་གྲྭ་ཁག་ཏུ་བོད་རྒྱ་ཡིག་རིགས་སོགས་ལ་སྦྱངས། རང་ལོ་བཅུ་དྲུག་པ་རེབ་གོང་རོང་བོ་དགོན་ཆེན་དུ་རབ་ཏུ་བྱུང་།
  • ཕྱི་ལོ་ ༡༩༩༧ ལོར་རེབ་གོང་རོང་བོ་དཔལ་གྱི་དགོན་ཆེན་དུ་རབ་འབྱམས་པའི་དམ་བཅའ་ཐོན།
  • ཕྱི་ལོ་ ༡༩༩༢ དང་ ཕྱི་ལོ་ ༡༩༩༧ ལོ་སྔ་ཕྱིར་རྒྱ་ནག་པེ་ཅིང་སོགས་སུ་སློབ་གཉེར་གནང་།
  • ཕྱི་ལོ ༢༠༠༠ ལོར་རྒྱ་གར་དུ་ཕེབས་ཏེ། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་མཇལ་ཁའི་སྐལ་བཟང་མངོན་དུ་གྱུར་བའི་བཀའ་འབྲེལ་ལྟར། ༸གོང་ས་མཆོག་གི་བཀའ་འབུམ་སྡུད་སྒྲིག་གི་ཕྱག་ལས་གནང་།
  • ཕྱི་ལོ་ ༢༠༠༡་ལོར་༸གོང་ས་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་སྐབས་བཅུ་གསུམ་པའི་སྤྱི་འཐུས་སུ་ཐད་ཀར་བསྐོ་བཞག་གནང་། ལོ་དེའི་ཟླ ༥་པའི་ནང་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་དུ་སེར་བྱེས་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་སློབ་གཉེར་ཁང་།
  • ཕྱི་ལོ་ ༢༠༠༦ ལོ་ནས་བཟུང་གདན་གསུམ་མཁས་མང་གསེར་རིའི་ཕྲེང་བའི་དབུས་སུ་དགེ་ལུགས་རྒྱུགས་སྤྲོད་དུ་ཕེབས།
  • ཕྱི་ལོ་ ༢༠༠༧ ལོར་སེར་བྱེས་ལྷ་རམས་པའི་མིང་བཏགས་གནང་བ་ལྟར་ལྷ་རམས་འཛིན་གྲྭར་ཞུགས་ཤིང་། དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་པོར་བཀའ་རམས་ལོ་གཉིས་དང་། སློབ་དཔོན་ལོ་གཉིས། ལྷ་རམས་ལོ་རིམ་དང་པོ་དང་། གཉིས་པ་བཅས་ལོ་དྲུག་རིང་གྲྭ་ཚང་རང་ཁོངས་ནས་རྒྱུགས་སྤྲོད་གྲུབ་འབྲས་ཨང་དང་པོའི་དང་པོར་སླེབས།
  • ཕྱི་ལོ་ ༢༠༡༡ ལོར་སེར་བྱེས་མཁས་སྙན་གྲྭ་དུ་དགེ་བཤེས་ལྷ་རམས་པའི་དམ་འཇོག་གནང་།
  • ཕྱི་ལོ་ ༢༠༡༣ ལོར་དཔལ་ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་གཞུང་ལ་ལོ་གཅིག་བརྩོན་གཉེར་གནང་ནས་དགེ་བཤེས་ལྷ་རམས་པའི་སྔགས་ཀྱི་ཕྱག་འཁར་བཞེས།
  • ཕྱི་ལོ་ ༢༠༡༡་ལོ་ནས་སྐབས་བཅོ་ལྔ་པའི་དགེ་ལུགས་སྤྱི་འཐུས་ཀྱི་འགན་འཁུར་ལོ་ལྔ་བཞེས།
  • དགེ་བཤེས་ལགས་ནས་བོད་དུ་གཞིས་དགོན་རོང་པོ་དཔལ་གྱི་དགོན་ཆེན་དང་། མདོ་བ་དགོན། ཀོའུ་སྡེ་དགོན་པ་སོགས་དང་། རྒྱ་གར་དུ་ས་རཱ་བོད་ཀྱི་མཐོ་སློབ་དང་། ཏཱ་ལའི་བླ་མ་མཐོ་སློབ། ཝ་རཱ་ཎ་སཱི་མཐོ་སློབ་དང་། དབུས་སྨན་རྩིས་མཐོ་སློབ། ནོར་གླིང་མཐོ་སློབ་ཁག་དང་། སེར་བྱེས་གྲྭ་ཚང་དང་། སེར་བྱེས་ཏྲེ་ཧོར་ཁམས་ཚན། སེར་བྱེས་བྱ་བྲལ་ཁམས་ཚན། སེར་སྨད་རོང་པོ་ཁམས་ཚན་སོགས་སུ་རིས་མེད་ཆོས་བརྒྱུད་ཁག་གི་བླ་སྤྲུལ་དང་། མཁན་པོ། དགེ་བཤེས་ལྷ་རམས་པ་དང་དགེ་བཤེས་ཆུང་ཁག་གི་གཙོས་པའི་གཞུང་ལུགས་རབ་འབྱམས་སྨྲ་བའི་དཔྱོད་ལྡན་དོན་གཉེར་བ་ཕྱི་རྒྱལ་ཡུལ་གྲུ་ཁག་དང་བཅས་པའི་དགེ་ཕྲུག་སྟོང་ཕྲག་དུ་མར་། ཁོངས་སོ་སོས་གདན་ཞུས་ལྟར་ཕེབས་ཏེ་གཞུང་ལུགས་འཆད་ཁྲིད་གནང།
  • བརྩམས་ཆོས་སུ། ཆོས་གཞུང་དང་། རྩོམ་རིག བརྡ་སྤྲོད། ལོ་རྒྱུས། རྣམ་ཐར། དཔྱད་ཞིབ། ཟིན་བྲིས། ཞུ་སྒྲིག་སོགས་ད་ལྟའི་ཆར་བོད་ཕྱི་ནང་གཉིས་ཀར་པར་བསྐྲུན་འགྲེམ་སྤེལ་ཟིན་པ་པོད་ཉི་ཤུ་རྩ་གྲངས་ཤིག་ཡོད། ཆོས་སྲིད་རིག་གནས་དང་བཅས་པའི་ཡིག་ཆ་གསར་པ་འབྲི་རྩོམ་དང་། དཔེ་རྙིང་ཞུ་དག ༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་བཀའ་འབུམ་ཞུ་སྒྲིག་གི་ཕྱག་ལས་མུ་མཐུད་གནང་བཞིན་པ་སོགས་བོད་ཀྱི་ཆོས་རིག་རྒྱུན་འཛིན་དང་། འཕེལ་རྒྱས་ཐད་ཆོས་སྲིད་ཀྱི་ཕྱག་ལས་རིམ་པར་གནང་བཞིན་ཡོད།

ཀ༽པྲ་ཏིའི་སུམ་རྟགས་ཀྱི་སྐོར།

པྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ་ཀྱིས་མཛད་པའི་སུམ་རྟགས་ཀྱི་འགྲེལ་བ་འདི་ནི་བཙན་བྱོལ་ནང་ཁྲིད་རྒྱུན་དཀོན་པ་ཙམ་དུ་མ་ཟད། བོད་གངས་ཅན་ལྗོངས་ཀྱི་རིས་མེད་མཁས་པ་བརྒྱ་ཕྲག་གིས་མཛད་པའི་སུམ་རྟགས་ཀྱི་འགྲེལ་བ་ཆེས་མང་པོ་ཡོད་པའི་ནང་གི་འགྲེལ་བ་གྲགས་ཆེན་ཞིག་སྟེ། སུམ་རྟགས་པའི་རྩ་བའི་འབྲུ་འགྲེལ་དང་དོགས་དཔྱོད་ཀྱི་གནད་དཀྲོལ་ཟབ་པ་སོགས་ཀྱི་ཁྱད་ཆོས་དམིགས་བསལ་ཡོད་པར་བརྟེན་ཆེད་སྦྱོང་བོད་ཡིག་རབ་འབྱམས་ཀྱི་ཁ་སྐོང་བསླབ་གཞི་ཁོངས་སུ་ཡོད་པར་བརྟེན། ཕྱི་ལོ་ ༢༠༡༣ ལོར་དགེ་བཤེས་ལགས་ནས་པྲ་ཏིའི་སུམ་ཅུ་པ་ཀུན་བཟང་དགོངས་རྒྱན་ཟབ་ཁྲིད་གནང་ཡོད་ཅིང་། ཐེངས་འདིར་པྲ་ཏིའི་རྟགས་འཇུག་གི་འགྲེལ་བ་བཤད་ཁྲིད་ཟབ་རྒྱས་གནང་།

ཁ༽སྤྱན་སྔ་གྲགས་པ་བྱང་ཆུབ་ཀྱི་རྟོགས་བརྗོད་བྱིན་རླབས་ཀྱི་ལྷུན་པོའི་སྐོར།

བོད་གངས་ཅན་ལྗོངས་ཀྱི་མཁས་པའི་གཙུག་རྒྱན་ཤར་རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པ་དཔལ་བཟང་པོས་རང་ཉིད་ཀྱི་བླ་མ་སྤྱན་སྔ་པ་གྲགས་པ་བྱང་ཆུབ་ཀྱི་རྟོགས་བརྗོད་བྱིན་རླབས་ཀྱི་ལྷུན་པོ་ཞེས་བྱ་བ་འདི་ཉིད་བརྩམས་ཡོད་ཅིང་། སྙན་ངག་གི་ཚད་ཤིན་ཏུ་མཐོ་བའི་བརྩམས་ཆོས་འདི་ནི་ཆེད་སྦྱོང་ལོ་རིམ་གསུམ་པའི་རྩོམ་རིག་བསླབ་གཞིའི་ཁོངས་སུ་ཡོད་པ་དང་། བརྩམས་ཆོས་འདི་བརྗོད་བྱ་སྐྱེས་བུ་དམ་པའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྩལ་དུ་བཏོན་པའི་ནང་དོན་གྱི་ཆེ་བ་ཕུན་སུམ་ཚོགས་པ་དང་། རྗེ་ཙོང་ཁ་པས་སྙན་ངག་གི་བསྟན་བཅོས་མེ་ལོང་མའི་འགྲོས་འདི་ཉིད་བོད་གངས་ཅན་ཀྱི་སྐད་དུ་ཉམས་འགྱུར་འབུམ་ལྡན་གྱིས་རྫོགས་པར་བྲིས་པའི་རྗོད་བྱེད་ཚིག་གི་ཆེ་བ་གཉིས་དང་ལྡན་པ་ཞིག་ཡིན་པ་ནི། རྟོགས་བརྗོད་དེ་ཉིད་ལས། རྒྱལ་སྲས་བླ་མ་བལྟམས་པ་ནས། །ཞི་བའི་དབྱིངས་སུ་ཞུགས་ཀྱི་བར། །རྒྱལ་བའི་མཛད་པ་རྨད་བྱུང་ཚུལ། །སྙན་དངགས་རྒྱན་གྱིས་སྤེལ་བ་འདི། །འཕགས་པའི་ཡུལ་གྱི་སྨྲ་བའི་དབང་པོ་མཆོག །དཔལ་ལྡན་དཔའ་བོ་རྒྱ་གར་ནས་གཤེགས་པ། །གངས་རིའི་ལྗོངས་ཀྱི་སྙན་ངག་མཁན་གཅིག་པུ། །བློ་བཟང་གྲགས་པའི་དཔལ་དུ་གྱུར་པས་སྦྱར། །ཞེས་ཇི་སྐད་གསུངས་པ་བཞིན། སྤྱན་སྔ་གྲགས་པ་བྱང་ཆུབ་ཀྱི་རྟོགས་བརྗོད་འདི་ཉིད་ལ་བང་རིམ་བཞི་སྟེ། དང་པོ་སྤྱན་སྔ་གྲགས་པ་བྱང་ཆུབ་རབ་ཏུ་མ་བྱུང་བའི་དུས་ཀྱི་རྟོགས་པ་བརྗོད་པའི་བང་རིམ། གཉིས་པ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་རྒྱལ་སྲིད་ཆོས་ཀྱིས་བསྐྱངས་པའི་རྟོགས་པ་བརྗོད་པའི་བང་རིམ། གསུམ་པ་ལུང་དང་རྟོགས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟོགས་པ་བརྗོད་པའི་བང་རིམ། བཞི་པ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་དང་དགོངས་པ་ཡོངས་སུ་རྫོགས་པར་མཛད་པའི་རྟོགས་པ་བརྗོད་པའི་བང་རིམ་བཅས་ཀྱི་སྒོ་ནས་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་གང་ཉིད་ཀྱི་བླ་མ་སྤྱན་སྔ་གྲགས་པ་བྱང་ཆུབ་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་སྙན་ངག་གི་ལམ་ནས་མཚོན་པར་བྱས་པ་དེ་ལ། ནང་བའི་ལྟ་གྲུབ་ཀྱི་ནང་དོན་གཏིང་ཟབ་མོ་དང་། སྐབས་ཐོག་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་རྒྱ་ཆེ་བ། སྙན་ངག་གི་ཉམས་ཕུན་སུམ་ཚོགས་པ་བཅས་ལ་དགེ་བཤེས་ལགས་ནས་སློབ་ཁྲིད་གྲ་སྒྲིག་དང་ཞིབ་འཇུག་ཚད་ལྡན་གྱི་ལམ་ནས་འཆད་ཁྲིད་གནད་སྨིན་གནང་བ་ཙམ་དུ་མ་ཟད། སྙན་ངག་གི་བསྟན་བཅོས་གལ་ཆེན་དེ་ལ་འགྲེལ་བཤད་ཅིག་ཀྱང་དེབ་ཐོག་ཏུ་འཁོད་ཐུབ་པའི་ཆ་རྐྱེན་ཚང་ཞིང་དགོངས་གཞི་མངའ་བ་དང་། སློབ་ཁྲིད་ཚང་མ་སྒྲ་འཇུག་ཀྱང་ལེགས་པོ་བྱས་ཡོད་པས་ན་དོན་གཉེར་ལྡན་པའི་མ་འོངས་པའི་སློབ་ཕྲུག་དག་ལའང་ཕན་ཆེ་བའི་བསྟན་བཅོས་དང་སློབ་ཁྲིད་གལ་ཆེན་ཞིག་འགྲུབ་ཐུབ་པ་བྱུང་སོང་།

Related Posts

No results found.

Menu