འདི་ཟླའི་ཚེས་གསུམ་ཉིན་བྷང་ལོར་གཙུག་ལག་སློབ་གཉེར་ཁང་གི་ངོས་འཛིན་ཡོད་པའི་བོད་ཀྱི་རིག་གནས་ཐོག་གཙུག་ལག་རབ་འབྱམས་པ་སྐབས་གསུམ་པ་དང་། བྷང་ལོར་གཙུག་ལག་སློབ་གཉེར་ཁང་གི་འོག་ཏུ་ཉེ་བའི་གཙུག་ལག་རབ་འབྱམས་པ་སྐབས་དང་པོ་དང་མེས་སོར་གཙུག་ལག་སློབ་གྲྭ་ཆེན་པོའི་ཁོངས་ནས་ཐོན་རིམ་ལྟར་བརྩིས་ན་སྐབས་དགུ་པའི་སློབ་མཐར་ཕྱིན་པའི་མཛད་སྒོ་གཞུང་འབྲེལ་གྱིས་སྤེལ།
དེ་ཡང་བྷེང་ལོར་སྨན་རྩིས་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་དབང་འདུས་མཆོག་སྐུ་མགྲོན་གཙོར་གདན་འདྲེན་དང་། འདི་ག་མཐོ་སློབ་ཀྱི་སློབ་སྤྱི་རྒན་ཟླ་བ་ཚེ་རིང་དང་། འཛིན་སྐྱོང་འགན་འཛིན་དགེ་བཤེས་བློ་བཟང་རྒྱལ་མཚན་བཅས་ནས་འབྲེལ་ཡོད་ཀྱི་གསུང་བཤད་དང་། དེ་བཞིན་སློབ་ཐོན་པའི་སྐུ་ཚབ་ཀྱིས་གཏམ་བཤད་སྤེལ་མཚམས། མཇལ་དར་སྒྲོན་འབུལ་དང། དྲན་རྟེན་འདྲ་པར་བཅས་བརྒྱབ་ནས་མཛད་རིམ་ལེགས་པར་གྲུབ།
ད་ལོའི་སློབ་ཐོན་པའི་ཁོངས་ནས། བོད་ཀྱི་སྐད་ཡིག་ཐོག་གཙུག་ལག་རབ་འབྱམས་པའི་སློབ་གཉེར་པ་དྲུག་དང་། བོད་ཀྱི་རྩོམ་རིག་ཐོག་གཙུག་ལག་རབ་འབྱམས་པའི་སློབ་གཉེར་པ་བདུན། བོད་ཀྱི་ལོ་རྒྱུས་ཐོག་གཙུག་རབ་འབྱམས་པའི་སློབ་གཉེར་པ་དྲུག་བཅས་ཁྱོན་སློབ་གཉེར་པ་བཅུ་དགུ་གཙུག་ལག་རབ་འབྱམས་པའི་སློབ་མཐར་ཕྱིན་ཡོད་ཅིང་། གཙུག་ལག་རབ་འབྱམས་པའི་སློབ་གཉེར་པ་དག་གིས་རྒྱུགས་དུས་གཅིག་གི་ཆ་ཤས་སུ་ཉམས་ཞིབ་ཀྱི་གནས་ཚད་ཡོད་པའི་མཐར་ཕྱིན་དཔྱད་རྩོམ་འབྲི་རྩོམ་དང་། དཔྱད་རྩོམ་དེ་འབྲེལ་གྱི་འཆད་རྒྱུགས་དང་འདྲི་རྩད་བཅས་ལེགས་པར་གྲུབ་ཏེ་ཞིབ་འཇུག་སློབ་མའི་གནས་རིམ་སོན་པའི་སློབ་མཐར་ཕྱིན་ཡོད་ཅིང་། ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་གཉེར་པ་མང་ཆེ་བ་མུ་མཐུད་འདི་ག་མཐོ་སློབ་ཀྱི་གཙུག་ལག་རབ་འབྱམས་པའི་ཁོངས་སུ་འཛུལ་ཞུགས་བྱས་ཡོད།
འདི་ག་མཐོ་སློབ་ཀྱི་ངོས་ནས་གཙུག་ལག་རབ་འབྱམས་དང་། ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་ཐོན་པ་དག་ལ་རྗེས་སུ་ཡི་རངས་དང་། ཁོང་ཚོའི་བོད་པའི་སྤྱི་ཚོགས་དང་། བོད་ཀྱི་རིག་གཞུང་ཐོག་ཕྱག་ལས་གཟེངས་ཐོན་ཡོང་བའི་ཡིད་ཆེས་ཞུ་བཞིན་ཡོད། །














