ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་འབུམ་རམས་པ་ཀཱ་ཝེ་རཱི་གྷལ་མཆོག་གི་གསུང་བཤད།
(༸གོང་ས་སྐྱབས་མགོན་ཆེན་པོ་དགུང་གྲངས་གྱ་དྲུག་ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན)
ཕྱི་ལོ ༢༠༢༡ ཟླ ༠༧ ཚེས ༠༦ ལ།
ཨ་འབྲུག་དཀོན་མཆོག་གིས་བོད་ཡིག་ཏུ་ཕབ།
དགའ་བསུའི་གསུང་བཤད།
དྲ་ལམ་བརྒྱུད་མཉམ་ཞུགས་གནང་བའི་བཀུར་འོས་པའི་ངའི་ལས་གྲོགས་ཡོངས་དང་། འདིར་འདུས་པའི་སློབ་ཕྲུག་ཡོངས་ལ་སྔ་དྲོ་བདེ་ལེགས། ང་ཚོའི་མཐོ་རིམ་སློབ་གཉེར་ཁང་འདི་འབྱུང་བའི་མགོན་སྐྱབས་དམ་པ་༸གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དགུང་གྲངས་གྱ་དྲུག་ལ་ཕེབས་པའི་དགའ་སྟོན་གྱི་ཆེད་དུ་ང་ཚོ་མཉམ་འཛོམས་བྱས་པ་རེད།
དེ་རིང་འདིར་འཛོམས་པ་ཚང་མ་སྐུ་མདུན་ལ་དད་པ་དང་ཞབས་ཕྱི་བསྒྲུབ་མཁན་ཞེ་གཅིག་ཡིན་པས་༸རྒྱལ་བ་རིན་པོ་ཆེ་ངོ་སྤྲོད་ཧ་ལམ་བྱེད་དགོས་རྒྱུ་མ་རེད། དེ་རིང་གི་ཉིན་མོ་འདི་ནི་བོད་དང་རྒྱ་གར་པ་ཙམ་མ་ཡིན་པར། ཁོང་གི་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་དང་། རིགས་པའི་རྗེས་འབྲང་གི་ཤེས་རབ། མཐའ་མེད་པའི་བྱམས་བརྩེ་བཅས་ཀྱིས་ཤུགས་རྐྱེན་ཐེབས་ཡུལ་གྱི་འགྲོ་བ་ཡོངས་དང་འབྲེལ་ཡོད། བོད་མི་ཚོར་མཚོན་ན་རྒྱལ་བ་རིན་པོ་ཆེ་ནི། ཉེ་ཆར་གསར་དུ་ཐོན་པའི་བསྟན་འཛིན་དགེ་བྱེད་མཆོག་གི་དཔེ་དེབ་ཀྱི་གླེང་བརྗོད་དུ་མངའ་རིས་རིན་པོ་ཆེ་ནས།,, ༸གོང་ས་ཏཱ་ལའི་བླ་མ་ནི། བོད་ཀྱི་ཐུན་མོང་མ་ཡིན་པའི་བསམ་པའི་དཔལ་ཡོན་དང་། སྐད་བརྡ་རིག་པ། རིག་གཞུང་། ངོ་རྟགས། འཐབ་རྩོད་སོགས་བསྐྱར་གསོ་བྱེད་པོ་ཁོ་ན་ཡིན་,,ཞེས་གསུངས་འདུག་པ་ལྟར་དང་། རྒྱ་གར་ལ་མཚོན་ན། ༸གོང་ས་ཏཱ་ལའི་བླ་མ་ནི། རྒྱ་གར་གྱི་གནའ་བོའི་ཤེས་རབ་དང་ལེགས་བྱང་གཟུགས་སྐུ་བཞིན་ལག་གི་རྣམ་པར་ཤར་བ་ཞིག་རེད། ང་རང་སྒེར་ལ་མཚོན་ན་༸གོང་ས་ཏཱ་ལའི་བླ་མ་ནི། བློ་གཏད་འོས་པའི་ལམ་སྟོན་པ་ཞིག་སྟེ། ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པར་སངས་རྒྱས་ལ་བསྟོད་པའི་ལུང་ཚིག། ཚད་མར་གྱུར་བ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེར་གཤེགས་སྐྱོབས་ལ་ཕྱག་འཚལ་ལོ། །ཅེས་པ་ལྟར་ཡིན།
དེ་བས་ན་དེ་རིང་༸གོང་ས་ཏཱ་ལའི་བླ་མའི་ཞབས་བརྟན་གསོལ་འདེབས་ཆེད་ང་ཚོ་འདིར་འཛོམས་རྒྱུ་བྱུང་བར་སྙིང་དབུས་ནས་དགའ་བ་སྒོམ་གྱིན་ཡོད། དེ་ལྟ་བུའི་འདུན་པ་སྔོན་དུ་བཏང་ནས་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས་ནས་བོད་སྐད་ནང་ཞལ་འདོན་གསུང་འདོན་གནང་རྒྱུ་ནས་ང་ཚོའི་དེ་རིང་གི་ལས་རིམ་དབུ་འཛུགས་ཞུ་རྒྱུ་ཡིན།
ངོ་སྤྲོད་གསུང་བཤད།
བརྩེ་བའི་མཉམ་ཞུགས་པ་ཡོངས་དང་། དགེ་འདུན་པ་དང་ལས་བྱེད་སློབ་ཕྲུག་ཡོངས་ལ། བཀྲ་ཤིས་པའི་དུས་བཟང་ཁྱད་པར་ཅན་སྐུའི་འཁྲུངས་སྐར་གྱི་ཉིན་མོ་འདིར། འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བྷེང་ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱིའི་ངོ་བོའི་ཐོག་ནས་ཆེས་ཐོག་མའི་གཏམ་བཤད་འདི་ལས་དགའ་བ་དང་ཆེ་མཐོང་ཞིག་གང་ན་ཡོད།
ཏོག་དབྱིབས་ནད་ཡམས་མེད་པ་ཡིན་ན་ང་ཚོ་མཉམ་འཛོམས་ཀྱིས་རྩི་ཤིང་འདེབས་འཛུགས་དང་། ཞབས་བརྟན་གསོལ་འདེབས་འདོན་ངེས་རེད། འོན་ཀྱང་ང་ཚོའི་གནས་སྟངས་དཀའ་ངལ་ཅན་འདི་ལེགས་ཕྱོགས་སུ་བེད་སྤྱོད་བྱེད་དགོས་ཀྱི་ཡོད། ཁོ་མོས་ཁྱེད་དང་ཁྱེད་ཅག་གི་ནང་མི་ཡོངས་ལོ་གཅིག་དང་ཕྱེད་ལྷག་རིང་གི་ནད་ཡམས་ཁྱབ་བརྡལ་འོག་བདེར་གནས་ཡིན་པའི་རེ་བ་བྱེད་ཀྱི་ཡོད། གལ་ཏེ་ནད་ཡམས་ཀྱི་དུས་རིམ་ཁྲོད་ཁྱེད་ཀྱི་དགའ་ཉེ་རེ་རྐྱེན་འདས་སོང་ཡོད་ན་ངའི་ངོས་ནས་སེམས་གསོ་བྱེད་ཀྱི་ཡོད། གང་ཟག་སྒེར་དང་། ས་ཁུལ། རྒྱལ་ཁབ་བཅས་ཀྱིས་རང་གཅེས་འཛིན་གྱི་བསམ་བློ་དང་། མ་རིག་པ་ལས་བྱུང་བའི་ལས་ཀྱི་འབྲས་བུ་ངན་པ་འདི་མགྱོགས་ནས་མྱུར་དུ་ཞི་བར་ང་ཚོས་གསོལ་བ་སྨོན་ལམ་འདེབས་དགོས།
ངས་བསམ་ན་ཁྱེད་རང་ཚོས་ང་ཚོའི་སློབ་སྤྱི་གསར་པ་དེ་ག་འདྲ་ཞིག་ཡིན་ནམ་སྙམ་བཞིན་ཡོད་ངེས་རེད། དེར་བརྟེན་ངའི་ལོ་རྒྱུས་སྙིང་བསྡུས་ཤིག་ཁྱེད་ཚོར་ཕུལ་ཡོད་པ་དེ་ལས་ངའི་རྒྱབ་ལྗོངས་དང་། ངའི་ལས་འགན་འདི་དང་ལེན་བྱེད་དགོས་པའི་འདུན་པ། འབྱུང་འགྱུར་གྱི་ལོ་ངོ་གཉིས་ཀྱི་རིང་ངས་ལེགས་འགྲུབ་འབྱུང་རེའི་འཆར་སྣང་རགས་རིམ་བཅས་གསལ་རྟོགས་ཡོང་བའི་རེ་བ་ཡོད།
ང་ལ་ཨ་མ་རྗེས་བཙུན་པདྨ་ལགས་ནས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱིའི་ལས་འགན་ཁུར་དགོས་ཚུལ་གསུངས་འཕྲལ། ངའི་ངོས་ནས་འཕྲལ་མར་དང་ལེན་བྱས་པ་ཡིན། ངའི་མི་ཚེ་ནང་དེ་ལྟར་རང་ཐག་ཆོད་པོས་དང་ལེན་བྱས་པ་དང་པོ་ཡིན། ༸གོང་ས་ཏཱ་ལའི་བླ་མ་དང་ཟླ་བ་གཅིག་གིས་ལོ་ན་བགྲེས་པའི་ངའི་ཕ་ལགས་དང་། དེ་ག་ནང་བཞིན་གྱི་ཨ་མ་ལགས་བཅས་ནང་མི་སུ་ལའང་དེའི་སྐོར་ནས་གྲོས་འདྲི་མ་བྱས་པར་མ་ཟད། མཐོ་རིམ་སློབ་གཉེར་ཁང་དུ་ལྟ་རྟོག་ཏུ་ཡོང་བ་དང་། ཐ་ན་ང་རང་གི་གཙུག་ལག་སློབ་གཉེར་ཁང་གིས་ཆོག་མཆན་གནང་མིན་ལའང་བསམ་བློ་བཏང་མེད། ང་རང་རྗེས་མའི་བདུན་ཕྲག་ནང་མཐོ་སློབ་ཏུ་ངོ་བཅར་ཐུབ་རེ་བྱེད་ཀྱིན་ཡོད། སྐབས་དེར་ལྷག་དཀར་དང་ཆོས་འཁོར་དུས་ཆེན་བཅས་ཁྱད་འཕགས་ཀྱི་དུས་ཆེན་གཉིས་འཛོམས་ཤིག་ལ་འང་ཁེལ་འདུག
ང་རང་དཔལ་ན་ལེནྡའི་ནང་པའི་ལྟ་གྲུབ་ལ་རྒྱུན་རིང་སྦྱང་བརྩོན་བྱེད་མཁན་ཞིག་ཡིན། ལྟ་གྲུབ་དེའི་དམིགས་བསལ་གྱི་བརྡ་ཆད་སྟེ་སྟོང་པ་ཉིད་དང་དེ་དང་ཏྲམ་ཀ་གཅིག་གི་ངོས་ལྟ་བུའི་རྟེན་འབྲེལ་གྱི་གནད་ལ་དོ་སྣང་རྒྱུན་མར་བྱེད་ཀྱིན་ཡོད། སློབ་དཔོན་ཟླ་བ་གྲགས་པའི་གསུང་བོད་སྐད་ནང་”རྟེན་འབྲེལ་ “ཅེས་གསུངས་པ་དེ་ལ་༸ གོང་ས་སྐྱབས་མགོན་ཆེན་པོས་རྟེན་འབྲེལ་ཀུན་ནས་བཏགས་པ་ཙམ་ཞེས་གསུང་གི་ཡོད། གནད་དེ་རྒྱས་བཤད་བྱ་མ་དགོས་པར། ང་རང་ལས་གནས་འདིར་ཞབས་ཞུའི་གོ་སྐབས་བྱུང་བ་དེ་ཡང་རྒྱུ་དང་རྐྱེན་མང་པོ་ཞིག་ལ་བརྟེན་ནས་བྱུང་ཡོད་པ་རེད།
ནང་པའི་ལྟ་གྲུབ་ཏུ་ཀུན་སློང་ལ་གནད་ཆེན་པོར་འཛིན་གྱིན་ཡོད། དེ་ཡང་བློ་སྦྱོང་དུ་”ཐོག་མཐའ་གཉིས་ཀྱི་བྱ་བ་གལ་” ཞེས་ཀུན་སློང་དང་བསྔོ་བ་གལ་ཆེན་དུ་བསྟན་འདུག ངའི་མི་ཚེའི་རྒྱབ་ལྗོངས་ཀྱི་གནས་སྟངས་དང་། སློབ་སྦྱོང་གི་བརྒྱུད་རིམ། ཁམ་བྷི་རེ་ཇི་གཙུག་ལག་སློབ་ཁང་དང་རྒྱ་གར་དུ་སློབ་དཔོན་གྱི་ལས་འགན། ཆོས་ཀྱི་ཤེས་རྒྱ་ཆུང་ཡང་དད་མོས་ཆེ་བ་སོགས། རྒྱ་གར་བ་ཞིག་གི་ངོ་བོའི་ཐོག་ནས་ནས་འཇོན་ནུས་གང་ཡོད་བཅས་ཡོངས་རྫོགས་གཅིག་ཏུ་སྤུངས་ནས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ཡར་རྒྱས་ཀྱི་ཆེད་དུ་འབད་བརྩོན་བྱ་རྒྱུའི་འདུན་པ་བཅང་ཡོད། ཆོས་ཀྱི་ཉམས་ལེན་གལ་ཆེ་ཤོས་ནི་བླ་མའི་ཅི་གསུང་བཀའ་བཞིན་བསྒྲུབ་རྒྱུ་དེ་ཡིན། དེ་བས་ངའི་དམིགས་ཡུལ་གཙོ་བོ་ཡང་གོང་གནས་འདི་དག་བརྒྱུད་ནས། ༸གོང་ས་སྐྱབས་མགོན་ཏཱ་ལའི་བླ་མའི་ཐུགས་བསྐྱེད་དམ་བཅའ་བཞི་སྟེ། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་དང་། ཆོས་ལུགས་མཐུན་འབྲེལ། བོད་ཀྱི་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབས། རྒྱ་གར་གྱི་གནའ་བོའི་ལྟ་གྲུབ་ཀྱི་ལེགས་བྱང་ཁྱབ་སྤེལ་བྱེད་པ་བཅས་ཀྱི་དགོངས་དོན་རྣམས་ལ་ཞབས་ཕྱི་བསྒྲུབ་རེ་འཆང་ཡོད།
ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་འདི་ཧ་ཅང་གི་གལ་གནད་ཆེན་རྒྱུ་མཚན་ཞིག་ནི། བོད་ཕྲུག་ཁྱིམ་སྡེས་བོད་རང་གི་རིག་གཞུང་དང་། སྐད་ཡིག སྲོལ་རྒྱུན་སོགས་གཅེས་ཉར་བྱེད་རྒྱུ་དེ་དེང་དུས་ཀྱི་ཤེས་ཡོན་གྱི་སྒྲོམ་གཞི་དང་མཉམ་དུ་ཟུང་འབྲེལ་བྱེད་པའི་དོན་ལྡན་གྱི་བྱ་བཞག་འདིའི་ཆེད་དུ། ཨ་མ་རྗེ་བཙུན་པདྨ་མཆོག་གིས་སྐུ་ཚེ་ཧྲིལ་པོ་ཕུལ་བ་དང་། དེ་འབྲེལ་དུ་ད་ལྟའི་བོད་ཁྱིམ་གྱི་གཙོ་འགན་ཁུར་བའི་རྒན་ཐུབ་བསྟན་རྡོ་རྗེ་ལགས་ཀྱིས་འགོ་ཁྲིད་འོག་ལས་དོན་འདི་འཕེལ་རྒྱས་དང་རྒྱུན་བསྐྱངས་ཡོད། ང་རང་སྒེར་ལ་མཚོན་ནའང་བོད་ཕྲུག་ཁྱིམ་སྡེ་དང་ཐོག་མའི་འབྲེལ་བ་དེ་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་གཉིས་ལ་སྦྱིན་བདག་བྱས་པ་ནས་བྱུང་བ་ཡིན།
ལོ་ཤས་སྔོན་ལ་ཏཱ་ལའི་བླ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་དང་། འབུམ་རམས་པ་སློབ་དཔོན་བུ་མོ་ཚེ་རིང་མཆོག་གིས་ལྡི་ལི་བོད་ཁང་ནས་བགྲོ་གླེང་ཞིག་གི་ཐོག་དོན་སྙིང་ལྡན་པའི་གཏམ་བཤད་ཅིག་གནང་སྐབས།བོད་ཕྲུག་ཁྱིམ་སྡེའི་རྩ་ཚིག་བོད་ཡིག་ཏུ་རང་ལས་གཞན་གཅེས་སམ་གཞན་ཕན་ཞེས་པ་དེ་ཡིན་པ་ཐོག་དང་པོར་ཐོས་སྐལ་བྱུང་ཞིང་། རྒན་བུ་མོ་ཚེ་རིང་མཆོག་ནས་རྩ་འཛིན་དེ་གཞིར་བཟུང་ནས་དཀའ་སྤྱད་བློས་གཏོང་གིས་མེས་སོར་གཙུག་སློབ་གྲྭ་ཆེན་མོ་དང་། བྷེང་ལོར་གཙུག་ལག་སློབ་གྲྭ་ཆེན་མོ་གཉིས་དང་མཉམ་དུ་བྱ་བ་མང་པོ་བསྒྲུབ་ཏེ། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་དེ་རིང་གི་གནས་བབ་བསྐྲུན་པར་ངས་སྙིང་དབུས་ནས་བཀའ་དྲིན་རྗེས་དྲན་ཞུ་གི་ཡོད། ཁོ་མོ་ནི་ངའི་དགེ་རྒན་གྱི་དགེ་རྒན་ཀྱང་ཡིན་པ་དང། ཁོ་མོས་བྱས་རྗེས་ཆེན་པོ་བཞག་གནང་མཛད་པའི་རྗེས་ཤུལ་ཏུ་ང་རང་གི་ངོས་ནས་གང་ནུས་ཅི་ལྕོགས་བྱེད་ཀྱི་ཡིན།
ང་རང་ལས་འགན་འདིར་ཞུགས་པའི་དུས་ཚོད་ནི། བོད་ཀྱི་རང་དབང་གི་འཐབ་རྩོད་དང་དེའི་གཞི་གདན་དུ་གྱུར་བའི་རྒྱ་གར་ནང་དུ་གདོང་ལེན་མང་པོ་བྱེད་དགོས་པའི་དུས་ཚོད་ཅིག་ཏུ་ཁེལ་ཡོད། རྒྱ་ནག་གཞུང་གིས་ཕྱི་ལོ ༢༠༠༨ ནས་བོད་ཕྲུག་རྣམས་རྒྱ་གར་དུ་སློབ་གཉེར་དུ་ཡོང་བར་བཀག་འགོག་ཆེན་པོ་བྱེད་བཞིན་པ་དང་། བོད་མི་གཞོན་སྐྱེས་མང་པོ་ཞིག་རྒྱ་གར་ནང་གི་མི་སེར་གྱི་ངོས་འཛིན་སོགས་དཀའ་རྙོག་སྣ་ཚོགས་ལ་བརྟེན་ནས་གནས་སྤོས་བྱེད་བཞིན་པ་གཉིས་རྐྱ་སྦྲེལ་ནས་ཡོད་པ་དང་། དེ་བཞིན་དུ་ང་རང་གིས་ཧ་ཅང་གསལ་རྟོགས་ཐུབ་པ་ཞིག་ལ། ང་རང་བོད་རིགས་མིན་པ་དང་། ངས་ལས་དོན་གྱི་གནས་རིམ་ལ་ཕན་པའི་བོད་སྐད་བཤད་མི་ཐུབ་པ་དེ་རེད། གལ་ཏེ་ང་ལ་རིག་གཞུང་གི་སྐབས་དོན་སོགས་ཀྱི་ཐད་ནས་ནོར་འཆུག་དང་ཡང་ན་ནོར་འཁྲུལ་བྱུང་རིགས་ལ་བཟོད་ཡངས་གནང་རོགས་ཞུ་རྒྱུ་ཡིན། ངས་ཁྱེད་ཚོར་གད་མོ་སློང་བའི་སྐད་ཆ་ཞིག་བཤད་ན། ཏཱ་ལའི་བླ་མ་མཐོ་སློབ་ཀྱི་ལས་རྟགས་མཐོང་སྐབས། དེ་ནི་ཨརྱ་ཏཱ་རེའི་སྙིང་པོ་ཏྲྂ་ཡིག་རེད་བསམ་མོད། དོན་ལ་དེ་ནི་ཏཱ་ལའི་བླ་མ་མཚོན་རྟགས་ཏཱ་ཡིན་འདུག
གང་ལྟར་ནའང་མི་ཚེའི་ནང་གི་འགལ་རྐྱེན་ག་འདྲ་ཞིག་ཡིན་རུང་ལྟ་ཕྱོགས་གཞན་ཞིག་གིས་བལྟས་ན་དེར་མཐུན་རྐྱེན་གྱི་རང་བཞིན་ཡོད་པ་ཞིག་ཀྱང་རེད། གཙོ་ཆེ་བར་ང་རང་བོད་ལ་བསམ་པ་རྣམ་དག་གིས་དགའ་ཞེན་ཆེན་པོ་ཡོད། ཅིག་བྱས་ན་ངའི་མི་ཚེ་འདིའི་སྐྱེ་བ་སྔོན་མ་བོད་མི་ཞིག་ཡིན་སྲིད། ང་རང་འཐེན་ཐུག་ལ་ཤིན་ཏུ་དགའ་བ་དང་། ནམ་དུས་གང་དུའང་ཁྱད་མེད་ཀྱིས་དགའ་བ་དེས་ཅིག་བྱས་ན་ཨ་མདོ་བ་ཞིག་ཀྱང་ཡིན་སྲིད། དེ་བཞིན་དུ་ང་རང་ལྡི་ལི་བོད་ཁང་གི་བོད་རིགས་གཞོན་སྐྱེས་ཚོར་དུས་རྟག་ཏུ་འབྲེལ་བ་ཡོད་བཞིན་པ་ཡིན། ཁོང་ཚོའི་ལོ་ཚོད་ལ་གཞིག་པའི་དཀའ་ངལ་མང་པོར་གདོང་ལེན་བྱེད་པའི་སྙིང་སྟོབས་སོགས་ལ་ཁོ་མོ་ཡིད་སྨོན་འཆོར་གྱི་ཡོད། ང་རང་གི་མི་སྒེར་གྱི་མྱོང་ཚོར་གྱི་ཐོག་ནས་བོད་ལ་དགའ་ཞེན་ཆེན་པོ་ཡོད་པ་གཞི་ལ་བཞག་ནས་ངའི་ལས་ཡུན་རིང་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་དགེ་ལས་སློབ་གཉེར་པ་དག་དང་། ཁམ་བྷེ་རི་རྗི་གཙུག་ལག་སློབ་གཉེར་ཁང་ཚུད་པའི་རྒྱ་གར་རྒྱལ་ཡོངས་དང་། བྷང་ལོར་ཕྱོགས་ཀྱི་རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་མང་པོ་ཞིག་ལ་འབྲེལ་ལམ་གྱི་ཟམ་པ་གསར་པ་ཞིག་འཛུགས་རྒྱུར་འབད་བརྩོན་ནན་མོ་བྱ་རྒྱུ་ཡིན།
ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དེ་ས་བབ་ཀྱི་ཆ་ནས་བོད་ཀྱི་གཞིས་ཆགས་ཆེ་གྲས་སྦེ་ལ་ཀོ་པེ་དང་། མོན་གྷོ་ཌི། ཧོན་སོར་སོགས་དང་ས་ཁད་ཉེ་བོ་ཡོད་པ་དང་། གཉིས་ཐད་ནས་རྒྱ་གར་ནང་གི་བོད་རིགས་གཞོན་སྐྱེས་ཚོའི་ལས་འགན་ནི་བོད་ཀྱི་འཐབ་རྩོད་ལ་ཧ་ཅང་གནད་འགག་ཆེ་བ། བྷང་ལོར་ས་ཁུལ་ནི་རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་ཚད་ལྡན་མང་པོ་ཞིག་གི་གནས་གཞི་ཡང་ཆགས་ཡོད་པ་བཅས་ལ་བརྟེན་ནས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དེ་ས་བབ་སོགས་གང་ཅིའི་ཆ་ནས་ཧ་ཅང་གལ་ཆེན་དུ་ཆགས་ཡོད། ང་ཚོས་འབྱུང་འགྱུར་གྱི་ལོ་ངོ་འགའ་ཤས་རིང་མཐུན་རྐྱེན་དེ་ཚོ་བེད་སྤྱོད་བྱ་རྒྱུ་དམིགས་ཚད་དུ་བཟུང་ནས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ལ་ས་ཁུལ་འདི་དག་གིས་མཚོན་ཕྱོགས་ཡོངས་ནས་ཤེས་རྟོགས་དང་དགའ་མོས་ཡོད་པ་དང་མཉམ་དུ་རྒྱ་གར་ནང་གི་བོད་མིའི་ནུས་སྟོབས་དང་བོད་དོན་འཐབ་རྩོད་ལ་གཞི་སྒྲོམ་བརྟན་པོ་ཞིག་ཚུགས་ཐུབ་རྒྱུར་ངས་རེ་བ་བྱེད་ཀྱིན་ཡོད།
རྐྱེན་ངན་ལ་བཟང་ཕྱོགས་ནས་བལྟས་ནས་ང་ཚོའི་དམིགས་དོན་དེ་ཚོ་འགྲུབ་ཆེད་དྲ་ལམ་གྱི་ཤེས་ཡོན་ལས་རིམ་གོང་འཕེལ་གཏོང་དགོས་པ་དེ་རེད། དྲ་ལམ་བརྒྱུད་འབྲེལ་ནི་འགྲོ་གྲོན་ཆུང་བའི་སྒོ་ནས་འཛམ་གླིང་ཁྱོན་ལ་མཉམ་འབྲེལ་བྱེད་ཐབས་ཤིག་རེད། དྲ་ལམ་བརྒྱུད་པའི་འབྱུང་འགྱུར་ཤེས་ཡོན་ལམ་ལུགས་ལ་སྔོན་དཔག་སྣ་ཚོགས་བྱེད་བཞིན་པ་དང་འབྲེལ་ནས་ང་ཚོས་གནས་སྟངས་མི་ལེགས་པ་འདི་དེ་ལུགས་སུ་བཀོལ་སྤྱོད་བྱེད་རྒྱུར་ངས་རེ་བ་བྱེད་ཀྱིན་ཡོད།
ངའི་ལས་ཡུན་རིང་དམིགས་གཏད་བྱེད་ས་གཙོ་བོ་ཞིག་ནི་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་གི་གནས་བབ་ཕྱོགས་ཡོངས་ནས་མཐོར་འདེགས་བྱེད་རྒྱུ་དེ་ཡིན། མཐོ་རིམ་ཤེས་ཡོན་ནི་ཕྱོགས་ཡོངས་ནས་གཞི་རིམ་སློབ་གྲྭ་དང་མ་འདྲ་བ་ཞིག་ཡིན་པ་དང་། དེ་ཡང་དགོས་ངེས་ཀྱི་གཞི་རྩའི་ནུས་རྩལ་ཁག་ཡར་རྒྱས་ཙམ་མ་ཡིན་པར། དགེ་རྒན་གྱི་སློབ་ཁྲིད་དང་སློབ་མའི་བྱེད་སྒོ་སོགས་ཕྱོགས་ཡོངས་ནས་མཐོ་རིམ་གཙུག་ལག་སློབ་གྲྭའི་དམིགས་ཚད་ལ་སོན་པར་འབད་དགོས་པ་དེ་རེད། ང་རང་གི་ངོས་ནས་ཁ་ཕྱོགས་དེར་དམིགས་རྒྱུ་ལས་ཚགས་ཚུད་ངང་འགྲོ་བཞིན་པའི་མཐོ་སློབ་ཀྱི་འཛིན་སྐྱོང་གི་བྱེད་སྒོ་ཁག་ལ་རེ་རེ་བཞིན་ཐེ་བྱུས་བྱ་རྒྱུ་མིན།
ངའི་ལས་ཡུན་གྱི་མཐའ་མའི་དམིགས་དོན་ཞིག་ནི། རྒྱ་གར་གྱི་མཐོ་རིམ་ཤེས་ཡོན་དང་། དཔལ་འབྱོར་དང་སློབ་ཁྲིད་ཆེད་ལས་ཀྱི་ཡར་རྒྱས་ལ་བརྩོན་པའི་ང་རང་གཞི་རྩའི་གོ་བབ་དང་། དཔལ་ན་ལེནྡའི་ལྟ་གྲུབ་རིག་པ་སློབ་སྦྱོང་ལ་དབྱིན་ཡིག་གི་ལམ་ནས་ཧུར་བརྩོན་གྱིས་འཇུག་མཁན་ཞིག་ཡིན་པའི་ངོས་ནས་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་སྤྱིའི་ལས་ཁུར་སྐབས། ཆེད་སྦྱོང་སྡེ་ཚན་གྱི་རིག་ཚན་ཁག་བོད་ཡིག་ནང་ཁྲིད་བཞིན་པ་དེ་ལས། བོད་ཡིག་དང་དབྱིན་ཡིག་གཉིས་ཀའི་ནང་སློབ་སྦྱོང་གི་གོ་སྐབས་ཡོད་པར་བཟོས་ཏེ། ༸གོང་ས་ཏཱ་ལའི་བླ་མའི་དགོངས་བཞེད་ལྟར་བོད་ཀྱི་རིག་གནས་ལ་དོ་སྣང་ཡོད་པའི་རྒྱ་གར་པ་དང་། ཕྱི་གླིང་གི་གཞོན་སྐྱེས་མང་པོར་ཤེས་ཡོན་གྱི་མཐུན་རྐྱེན་ཞིག་སྦྱར་ཐུབ་ན་བསམ་གྱིན་ཡོད། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ངོས་ནས་གོང་གསལ་དག་ལ་ཚད་འཛིན་ལག་ཁྱེར་སོགས་སྤྲོད་ཐུབ་པ་བྱུང་ན། མ་འོངས་པའི་མི་རབས་རྣམས་ལ་ངེས་པ་དོན་གྱིས་ཕན་ཐོགས་ཡོང་རྒྱུ་རེད།
མཐའ་དོན་དུ་དཔལ་མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས་ནས་མཛད་པ་རྒྱ་ཆེར་བསྐྱངས་པ་བཞིན། རིག་པ་དང་ནུས་སྟོབས་ཆུང་བའི་གུས་མོ་རང་ཉིད་ཀྱིས་ཀྱང་སྔོན་བྱོན་མཁས་པ་ཁོང་གི་རྗེས་འབྲང་པ་ཞིག་གི་ཚུལ་གྱིས་དགའ་བ་དང་བཅས་གཟའ་འཁོར་རྗེས་མ་ནས་བོད་ཀྱི་གནད་ཡོད་མཐོ་རིམ་སློབ་གཉེར་ཁང་འདི་ནས་སློབ་སྤྱིའི་ལས་ཁུར་ལ་ཞུགས་རྒྱུ་ཡིན་ན། ང་ཚོ་ཚང་མས་མཉམ་འབྲེལ་དང་མཉམ་འདུས་ཀྱི་སྒོ་ནས་ཇོ་བོ་རྗེས་བོད་ལ་གང་གནང་པའི་མཛད་བཟང་གི་ཆ་ཤས་ཕྲན་བུ་ཙམ་ཞིག་བསྒྲུབ་ཐུབ་རེ་བྱེད་ཀྱིན་ཡོད་པས་ན། ལས་དོན་འདིའི་ཆེད་དུ་ད་བར་ཚགས་ཚུད་ངང་འགྲོ་བཞིན་པའི་ལས་དོན་རྣམས་རྒྱུན་འཁྱོངས་དང་འབྲེལ། དགོས་ངེས་ཅན་གྱི་འགྱུར་ལྡོག་གཏོང་དགོས་རིགས་ལ་ཁྱེད་ཅག་གི་ངོས་ནས་སྙིང་སྟོབས་ལྡན་པའི་སྒོ་ནས་དང་ལེན་དང་མཉམ་འབྲེལ་བྱེད་རྒྱུར་ངས་རེ་བ་བྱེད་ཀྱིན་ཡོད།
༸ཏཱ་ལའི་བླ་མ་མཐོ་སློབ་ཀྱི་འཛིན་སྐྱོང་ལྷན་རྒྱས་ལ་ཐུགས་རྗེ་ཞུ་བ་དང་། འབུམ་རམས་པ་དགེ་རྒྱས་ལགས་ནས་བར་བརྒལ་སློབ་སྤྱིའི་འགན་བཞེས་ཏེ་ཕྱག་ལས་འཐུས་ཚང་གནང་བར་ཐུགས་རྗེ་ཆེ་ཞུ། དེ་བཞིན་རྒན་ཟླ་བ་ཚེ་རིང་ལགས་དང་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས་རྣམ་གཉིས་ནས་ཉེ་བའི་ཟླ་ཤས་ནང་དུ་ང་ལ་ཏཱ་ལའི་བླ་མ་མཐོ་སློབ་གྱི་གནས་སྟངས་ཤེས་རྟོགས་ལ་མཐུན་འགྱུར་གནང་བ་དང་། ང་རང་ལ་སྔ་ས་ནས་དགའ་བསུའི་ཚོར་སྣང་སྦྱིན་པ་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
༸གོང་ས་སྐྱབས་མགོན་ཕྱག་ན་པདྨོའི་སྐུ་ཚེ་ཞབས་པད་བརྟན་པ་དང་། ཁོང་གི་བཞེད་དོན་ལྷུན་འགྲུབ་ཡོང་བ། ཨ་མ་རྗེ་བཙུན་པདྨ་མཆོག་གིས་བོད་མི་མང་དང་བོད་ཀྱི་གཞོན་སྐྱེས་ཚོའི་ཆེད་དུ་ང་ལ་ཡིད་ཆེས་གང་གནང་བཅས་མངོན་གྱུར་ཡོང་བའི་ཆེད་དུ་གསོལ་བ་སྨོན་ལམ་འདེབས་ཀྱི་ཡིན། ཐུགས་རྗེ་ཆེ། བཀའ་དྲིན་ཆེ། ད་འདི་ནས་ཁོ་མོས་༸གོང་ས་མཆོག་གིས་མཛད་པའི་འདོད་གསོལ་བདེན་པའི་རྔ་སྒྲ་དང་། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་འདོན་རྒྱུ་ཡིན།
(གསལ་བཤད། གཏམ་བཤད་འདི་བརྗོད་དུམ་སོ་སོའི་ནང་དོན་བོད་ཡིག་ཏུ་ཕབ་པ་ཙམ་ལས་ཚིག་གྲུབ་རེ་རེའི་འགྲོས་བཞིན་ཐད་སྒྱུར་བྱས་མེད་པས། ཚིག་གི་ཞིབ་ཆའི་གོ་དོན་རྣམས་དབྱིན་ཡིག་ལ་གཞི་འཇོག་དགོས་པ་ཡིན། བོད་ཡིག་ཏུ་ཕབ་འབྲི་བ་ཨ་འབྲུག་དཀོན་མཆོག་ནས།)

