སློབ་གླིང་དུ་སློབ་མའི་ཆེད་ལས་ཀའི་ལས་གཞི།

ངོ་སྤྲོད།

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ངོས་ནས་ཤེས་སྤྱོད་གཉིས་ལྡན་གྱི་སློབ་གསོའི་ལམ་ལུགས་ལ་ཡིད་ཆེས་བྱེད་བཞིན་ཡོད། སློབ་གླིང་འདིའི་ཤེས་ཡོན་ལས་འགུལ་དག་ནང་བསྟན་གྱི་ལྟ་གྲུབ་གལ་ཆེ་ཤོས་ཏེ་བརྟེན་ནས་བྱུང་བ་དང་བྱམས་བརྩེ་ལ་གཞིེར་བཞག་པའི་ཐོག་སློབ་མ་རྣམས་ལ་ཤེས་ཡོན་དང་མི་ཚེའི་ལག་རྩལ་གྱི་ལས་འགུལ་འདྲ་མིན་བསྐྲུན་པ་བརྒྱུད་མི་སྒེར་གྱི་བསམ་སྤྱོད་ལ་ཕྱོགས་ཡོངས་ནས་ཡར་རྒྱས་གཏོང་ཐབས་ལ་དམིགས་ཡོད། སློབ་གླིང་ནང་དུ་སློབ་མའི་ཆེད་ལས་ཀའི་ལས་གཞི་འདི་ཉིད་བསྐྲུན་པའི་རྐྱེན་གྱིས་སློབ་མ་རྣམས་འཛིན་གྲྭའི་ཁོ་ར་ལས་བརྒལ་ནས། འཇིག་རྟེན་དངོས་ཀྱི་འཚོ་བ་ནང་ཞུགས་ཏེ་རང་ཉིད་ཀྱི་འདོད་མོས་དང་ལག་རྩལ་སོགས་ཤེས་པར་འགྱུར་ཞིང་། ཕན་ཚུན་དབར་ལ་འཛིན་གྲོགས་ཀྱི་འདུ་ཤེས་ཙམ་ལས་འདས་ཏེ་ལས་རོགས་ཀྱི་འདུ་ཤེས་ཀྱང་འཇགས་ཐུབ་པར་གྱུར་བ་ཡིན། ང་ཚོའི་དམིགས་ཡུལ་ནི་སློབ་གླིང་འདིའི་ནང་གི་དགེ་སློབ་ལས་བྱེད་ཀུན་གྱིས་རྒྱུན་མཐུད་སློབ་གཉེར་གྱི་ཁོར་ཡུག་འདིའི་ནང་ཧུར་བརྩོན་གྱིས་འཇུག་ཅིང་། སློབ་གླིང་འདིར་ངལ་རྩོལ་དང་འདྲ་མཉམ། བྱམས་བརྩེ་བཅས་ལ་ཆེ་མཐོང་བྱེད་པའི་ཐོག་ཆོས་ལུགས་ལས་འདས་པའི་བཟང་སྤྱོད་ལག་ལེན་དུ་བསྟར་ཐུབ་རྒྱུ་དེ་ཡིན།

ཕུགས་བསམ་དང་དགོས་དོན།

སློབ་མ་ཚོར་མཐོ་སློབ་ཏུ་ལས་ཀའི་གོ་སྐབས་མཁོ་སྤྲོད་བྱེད་པའི་ལས་གཞི་འདི་ཉིད་སློབ་མ་ཚོ་འགན་ཁུར་དང་རང་རྐྱ་འཕེར་བའི་ཡུལ་མི་ཚད་ལྡན་ཞིག་ཡོང་ཆེད་ཡིན། ལས་གཞི་འདིའི་དམིགས་ཡུལ་གཞན་ཞིག་ནི་འགོ་ཁྲིད་ཀྱི་ནུས་པ་དང་མཉམ་ལས་སོགས་ཚུད་པའི་རང་སོ་སོའི་མི་ཚེའི་ནང་འོས་འགན་ཆེན་པོ་ཁུར་ཐུབ་པའི་ཆེད་དུ་ཡང་ཡིན། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ངོས་ནས་སྣ་འཛོམས་རང་བཞིན་གྱི་ཤེས་ཡོན་ལམ་སྲོལ་ལ་ཡིད་ཆེས་བྱེད་པའི་དོན་སྙིང་གི་ངོས་ནས་བཤད་ན་མཐོ་སློབ་ཏུ་ལས་ཀའི་གོ་སྐབས་སྤྲོད་པ་དེས་སློབ་ཕྲུག་ཚོ་སློབ་མཐར་ཕྱིན་ནས་ཀྱང་མུ་མཐུད་བྱ་ངེས་པ་སྟེ། ལས་ཀ་བྱེད་པ་བརྒྱུད་སློབ་སྦྱོང་བླངས་པའི་རིམ་པ་དེ་ཉིད་རྩ་འཛུགས་བྱེད་པ་ཡིན།

ལས་གཞི་འདིའི་དགོས་དོན་ནི།

  • སློབ་མ་རྣམས་ལ་རིན་ཐང་བྲལ་བའི་ལས་ཀའི་ཉམས་མྱོང་དང་འཇོན་ནུས་རེག་པའི་གོ་སྐབས་བསྐྲུན་པ་བརྒྱུད་ཤེས་ཡོན་ལས་འགུལ་ལ་རོགས་འདེགས་བྱེད་པ།
  • སློབ་ཕྲུག་ཚོར་རང་ཉིད་ཀྱི་སློབ་སྦྱོང་དང་འབྲེལ་བའི་གྲོན་དངུལ་དཔལ་འབྱོར་མཁོ་བསྒྲུབ་བྱེད་ཐུབ་པའི་གོ་སྐབས་བྱིན་པ།
  • སློབ་གླིང་ལ་ལས་བྱེད་འཕར་བ་མཁོ་སྤྲོད་བྱེད་ཐུབ་པ།
  • སློབ་ཕྲུག་ཚོར་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བའི་གོ་སྐབས་མཁོ་སྤྲོད་བྱེད་པ།
  • སློབ་མའི་རྒྱུད་ཀྱི་མི་ཚེའི་འཇོན་ནུས་དང་། རང་གཅུན། རང་འགན་རང་ཁུར་དང་། རིག་རྩལ། དཀའ་རྙོག་སེལ་ཐབས། ཐག་གཅོད་རིག་སྟོབས་སོགས་པའི་ཡོན་ནུས་དག་སྔར་བས་གཏིང་ཚུགས་དང་གོང་མཐོར་གཏོང་བ།

ལས་ཀར་ཞུགས་མཁན་གྱི་སློབ་མའི་འོས་ཆོས།

ལས་གཞི་འདིའི་ནང་ཞུགས་མཁན་གྱི་སློབ་མ་དག་གིས་གཤམ་གསལ་གྱི་རྩ་དོན་རྣམས་ལ་བརྩི་སྲུང་བྱེད་རོགས།

  • ལས་ཀའི་ཁྲོད་ཀྱི་སློབ་སྦྱོང་ལེན་པར་སྤྲོ་འདུན་ཆེ་བ།
  • རུ་ཁག་ཅིག་གི་ལས་མི་རིན་ཐང་ཅན་ཞིག་ཡིན་སྙམ་པའི་ཐོག་ནས་ལས་ཀ་བྱེད་པ།
  • དོ་སྣང་དང་ལྷག་བསམ་རྩེ་གཅིག་པའི་ཐོག་ལས་ཀར་འཇུག་པ།
  • མི་ཚང་མར་བརྩི་འཇོག་དང་དགོས་ངེས་ཅན་ལ་རོགས་རམ་བྱེད་པ།
  • ཀུན་ལ་བྱམས་ཤིང་རྣམ་དག་གི་བརྩེ་བས་ལས་ལ་འཇུག་པ།
  • དཀྱུས་མའི་འཚོ་བར་སྐུལ་སློང་དང་དཔེ་མཚོན་སྟོན་དགོས་མོད།འོན་ཀྱང་ཡུན་གནས་ཐུབ་པའི་འཚོ་བའི་གོམས་གཤིས་དག་བོར་མི་ཉན།
  • ལས་དོན་ལེགས་གྲུབ་བྱུང་ན་བསྟོད་དགོས།

ལས་ཀའི་ཆེད་སྙན་ཞུ།

ལས་ཀའི་ཆེད་དུ་སྙན་ཞུ་འབུལ་འདོད་ཡོད་རིགས་ཀྱིས་གཤམ་གསལ་གྱི་ལམ་སྟོན་གཞིེར་བཟུང་གནང་དགོས།

  • ལས་ཀའི་རྣམ་གྲངས་སུ་ཞུགས་མིན་དེ་སློབ་ཕྲུག་སྒེར་སོ་སོའི་འདོད་མོས་ཡིན།
  • ལས་རིགས་དང་ལས་ཞུགས་ག་དུས་ཆོག་མིན་གསལ་བསྒྲགས་སྦྱར་པང་དང་མཐོ་སློབ་ཀྱི་དྲྭ་ཚིགས་ངོས་སུ་གསལ་སྟོན་བྱེད་རྒྱུ།
  • མོས་འདུན་ཡོད་རིགས་ཀྱི་སློབ་ཕྲུག་རྣམས་ཀྱིས་སློབ་སྤྱིེར་ལས་ཞུགས་སྙན་ཞུ་ངེས་འབུལ་བྱེད་དགོས།
  • ལས་ཀའི་གོ་སྐབས་སྤྲོད་མིན་དེ་སྙན་འབུལ་དང་དང་འདྲི་བརྩད་ལ་ལྟོས་ནས་ཐག་གཅོད་བྱེད་རྒྱུ་ཡིན།
  • ཅི་སྟེ་ལས་ཀ་བྱེད་སྐབས་ཀུན་སྤྱོད་མི་སྡུག་པ་སྤྱོད་པའམ།ལས་དོན་རེ་སྨོན་ལྟར་མ་སྒྲུབ་ན་ལས་ཀ་མཚམས་འཇོག་བྱེད་དགོས་པའང་སྲིད།

ལེགས་གསོལ་ཞུ་ཚིག

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ངོས་ནས་ཨ་རིར་ཡོད་པའི་བྷི་རི་ཡ་མཐོ་སློབ་ཀྱི་ལས་ཀའི་ལས་གཞི་ཚན་པའི་འགན་འཛིན་འབུམ་རམས་པ་ཌེ་ཝིཌ་ཀེ་ཊིབ་ཊོན་གྱིང་ང་ཚོར་ལས་གཞི་འདིའི་སྐོར་གྱི་ཞིབ་གནས་དང་། དེ་དང་འབྲེལ་བའི་གཤམ་འཁོད་ཀྱི་དྲ་ཐག་རྣམས་ཕུལ་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

Read this post in: English

Menu