སློབ་སྦྱོང་བྱེད་དུས་མི་ཚང་མར་དྲི་བ་རང་བཞིན་གྱིས་སླེབས་ཀྱི་ཡོད་རེད། དྲི་བ་ཅི་ཡང་མེད་ཚེ་སེམས་གྲུང་པོ་མེད་པའམ་གཉིད་ཁུགས་ནས་ཡོད་པའི་རྟགས་རེད།འཛིན་ཁང་ནང་དུ་ཆ་བཞག་ནའང་དགེ་རྒན་གྱིས་སློབ་མ་རྣམས་ལ་སེམས་ཤུགས་སྤར་བ་དང་སོ་སོ་ལ་གདེང་ཚོད་ཡོད་པ་དང་ཡིད་སེམས་ཚིམས་པའི་དྲི་བ་དྲིས་ལན་བྱེད་འཇུག་རྒྱུ་ཡིན་ལ། གལ་སྲིད་དགེ་རྒན་ངོས་ནས་སློབ་ཚན་འཁྲིད་ཐབས་མ་འགྲིག་པ་བྱུང་ན་ཁོང་ཚོས་དེ་ལ་གུས་ཞབས་ཐོག་སློབ་ཚན་འཁྲིད་ཐབས་ཀྱི་ཐབས་ལམ་མ་འདྲ་བའི་ཐོག་ཏུ་བསྐྱོད་དགོས་པའམ་ཡང་ན་ཁྲིད་ཐབས་ལ་འགྱུར་བཅོས་གཏང་དགོས་པ་སོགས་ཀྱི་ཐོག་ལའང་བསམ་འཆར་བཏོན་ནས་མཉམ་དུ་སློབ་ཐུབ་པ་ཞིག་དགོས།
སློབ་ཕྲུག་རང་ངོས་ནས་འཛིན་སྐྱོང་ལ་སྒུག་མི་སྡོད་པར་ཤེས་ཡོན་དང་རྩེད་མོ་ཟུར་སྦྱོང་རིག་ཚན་འདྲ་མིན་ཐོག་ལ་སོ་སོ་རང་ངོས་ནས་སློབ་འདོད་ཀྱི་འདུན་པ་ཡོད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།དེ་འདྲའི་ཁུར་ལེན་རྒྱུ་ནི་གནད་འགག་ཆེན་པོ་ཞིག་ཡིན་ལ་འདིར་སླེབས་དུས་ཀྱང་རང་དབང་གི་ཐོག་ནས་གང་བསླབ་འདོད་པ་དེ་ལ་སོ་སོས་ཉམས་མྱོང་ངམ་མྱོང་ཚོར་ཐོག་ནས་བསྒྲུབ་པ་དང་དེ་ལ་འཛིན་སྐྱོང་ནས་ཀྱང་རྒྱབ་སྐྱོར་བྱས་ནས་ལས་གྲྭ་འདྲ་མིན་སྤེལ་ན་དེ་ལ་གཞན་དང་མ་འདྲ་བའི་ནུས་ཤུགས་ཤིག་ཡོད་པ་རེད།

ང་ཚོའི་མཐོ་སློབ་ཀྱི་དམིགས་ཡུལ་གཅིག་ནི་སློབ་ཕྲུག་དག་ལ་ཤེས་ཡོན་ཆ་ཚང་བ་ཞིག་སྤྲོད་རྒྱུ་དེ་ཡིན།ཤེས་ཡོན་ཆ་ཚང་ཞིག་སྤྲོད་པ་ལ་སྤྱི་ཚོགས་ཁྲོད་ཀྱི་བསམ་གཞིག་ཡིན་ན་རེད་ཕྱི་དངོས་པོའི་ཆ་ནས་ཡིན་ན་རེད། རིག་སྟོབས་འཕེལ་རྒྱས་ཀྱི་ཐད་ནས་ང་ཚོ་ཚང་མས་མཉམ་རུབ་ཐོག་དཔུང་སྒྲིག་སྟེ་སློེབ་སྦྱོང་ཞིག་སྤྲོད་ཐུབ་པ་ཡིན་ན་སློབ་ཕྲུག་རང་ཉིད་ལའང་ལས་རིག་འདྲ་མིན་ཐོག་ཉམས་མྱོང་རེག་པ་དང་འདི་དག་ལ་གནད་འགག་ཆེན་པོ་དང་རིན་ཐང་ཆེན་པོ་བརྩི་ནས་ཁུར་དུ་བླངས་པ་ཡིན་ན་སློབ་སྦྱོང་ཡག་པོ་ཆགས་ཀྱི་རེད།

དེར་བརྟེན་སློབ་གྲྭའི་དུས་དེ་ལ་དགེ་སློབ་མ་ཚང་མས་མཉམ་རུབ་ཐོག་ལས་འཆར་སྤེལ་ནས་སྤྱི་ཚོགས་ཞབས་ཞུ་ཀྱི་ཉམས་མྱོང་རེག་ཐུབ་ན་ལེགས། གཞན་དགེ་རྒན་དང་སློབ་ཕྲུག་རང་ངོས་ནང་འོས་འགན་ཕྲག་ཏུ་བླངས་ནས་རྩེད་རིག་འདྲ་མིན་ཐོག་ལས་འཆར་སྤེལ་བ་དང་དེ་ལ་རང་ཉིད་མོས་པ་ཡོད་པའི་སྒོ་ནས་སྤེལ་བཅུག་ན་འཛིན་སྐྱོང་གི་ངོས་ནས་དེ་ལ་ངོས་འཛིན་གྱི་ཚུལ་དུ་གཟེངས་བསྟོད་བྱ་དགའ་འབུལ་བ་ལ་སོགས་པ་སློབ་གྲྭའི་ངོས་ནས་བསྒྲུབ་དགོས།

Read this post in: English

Menu