བསླབ་པ་མཐར་སོན་ཐེངས་བཞི་པ་ཚོགས་སོང་།

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་འདི་ཉིད་ཕྱི་ལོ་ ༢༠༡༦ ནས་རྒྱལ་སྤྱིར་ངོས་འཛིན་ཡོད་པའི་རྒྱ་གར་ལྷོ་ཕྱོགས་མཱཻ་སོར་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་དེབ་སྐྱེལ་ངོས་འཛིན་བྱུང་བ་ནས་བཟུང་དེ་རིང་བར་སློབ་གཉེར་བ་ཞལ་གྲངས་སུམ་བརྒྱ་དྲུག་བཅུ་རེ་བཞི་སློབ་མཐར་བྱུང་འདུག

བོད་རྒྱལ་ལོ་ ༢༡༤༦ ཕྱི་ལོ་ ༢༠༡༩ ༤ ༢༠ ༩:༣༠ ཐོག་མཐོ་སློབ་ཀྱི་ཚོགས་ཁང་ཆེ་མོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ཐེངས་བཞི་པའི་བསླབ་པ་མཐར་སོན་གྱི་མཛད་རིམ་བསྐྱངས་ཤིང་། མགྲོན་གྱི་གཙོ་བོར་ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོའི་མཁན་རིན་པོ་ཆེ་གཟིག་རྒྱབ་སྤྲུལ་སྐུ་རྗེ་བཙུན་བསྟན་འཛིན་ཐུབ་བསྟན་རབ་རྒྱས་དཔལ་བཟང་པོ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་གདན་ས་དེ་ཉིད་ཀྱི་དཀྱིལ་ཁང་རིན་པོ་ཆེ་བསྟན་འཛིན་བློ་བཟང་ཆོས་འབྱོར་རྣམ་གཉིས་ཕེབས་ཤིང་། སྐུ་མགྲོན་རྣམ་གཉིས་ནས་སྣང་གསལ་སྒྲོན་མེ་ཞལ་ཕྱེ་མཚམས་གང་བློ་མའི་གསོལ་འདེབས།

ཉམས་ཞིབ་དང་འཛིན་སྐྱོང་འགན་འཛིན་དགེ་བཤེས་བློ་བཟང་རྒྱལ་མཚན་མཆོག་ནས་སྐུ་མགྲོན་གཙོ་བོ་དང་དགེ་ལས་སློབ་ཕྲུག་དང་ཕྱི་ནས་ཆེེད་མངགས་ཕེབས་པའི་སློབ་མཐར་སོན་པའི་ཕ་མ་ནང་མི་གཉེན་འབྲེལ་ཚང་མར་ཕེབས་བསུའི་མཛད་རིམ་ངོས་སྤྲོད་གནང་ནས་མཐོ་སློབ་ཀྱི་སློབ་སྤྱི་འབུམ་རམས་པ་བུ་མོ་ཚེ་རིང་མཆོག་ནས་མཛད་རིམ་དང་འབྲེལ་བའི་གསུང་བཤད་དུ།

སྐུ་མགྲོན་རྣམ་པ་དང་དམིགས་བསལ་དེ་རིང་བསླབ་པ་མཐར་སོན་གྱི་སློབ་གཉེར་བ་རྣམ་པར་འཚམས་འདྲི་ཞུས་པ་དང་། མཐོ་སློབ་འདིའི་འདས་པའི་ལོ་བཞིའི་ནང་སློབ་གཉེར་བའི་ཤེས་ཡོན་གྱི་གྲུབ་འབྲས་དང་འབྲེལ་བའི་ལས་བསྡོམས་སྙིང་བསྡུ་སྙན་སྒྲོན་ཞོར། མཐོ་སློབ་འདིར་སློབ་ཚན་ཙམ་མིན་པར་མི་གཅིག་གི་འཚར་ལོངས་ཆེད་དུ་ད་བར་རྒྱལ་ཡོངས་ལྷན་ཚོགས་ཐེངས་གསུམ་དང་། སློབ་གཉེར་ལྷན་ཚོགས་མང་མོས་འོས་འདེམས་ཀྱིས་ཚགས་ཚུད། སློབ་གཉེར་སྒེར་གྱི་འདོད་པ་ཡོད་ན་ལས་ཞོར་གླ་ཡོད་ལས་ཀའི་མཐུན་རྐྱེན། སྤྱི་ཚོགས་ཞབས་ཞུའི་ཆ་རྐྱེན། འཛིན་རིམ་བཅིུས་རྗེས་སུ་བོད་ཀྱི་སྐད་ཡིག་མུ་མཐུད་སྦྱོང་ཐུབ་པའི་དགེ་མཚན། ལོ་གསུམ་རིང་ནང་པའི་ལྟ་གྲུབ་སྦྱོང་རྒྱུའི་མཐུན་རྐྱེན་དང་། རྒྱལ་སྤྱིའི་བསླབ་གཞི་སྟེ། ༢༠༡༣ ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་བསླབ་གཞི་སོགས་མདོར་ན། མཐོ་སློབ་འདི་ནས་ཐོན་པའི་རང་རེའི་སློབ་མ་རྣམས་ནས་བོད་ཀྱི་རིག་གཞུང་གི་ཡོན་ཏན་ལྡན་ཞིང་། རྒྱལ་སྤྱིར་ངོས་འཛིན་ལྡན་པའི་ཕྱག་འཁྱེར་གྱི་གོ་སྐབས་འབུལ་ཐུབ་པར་དགའ་ཚོར་དང་། སློབ་གཉེར་བ་རྣམས་ནས་སློབ་མཐར་ཐོན་རྗེས་ཐོག་མར་བོད་པའི་སྤྱི་ཚོགས་སུ་ཞབས་ཞུ་བསྒྲུབ་དགོས་པའི་རེ་འདུན་དང་། མཐར་བོད་མིའི་བཟང་སྤྱོད་ལྡན་པའི་བོད་ཕྲུག་ཅིག་གནང་དགོས་པའི་གྱེས་ཁའི་མངགས་གཏམ་ཡང་གནང་སོང་།

སྐུ་མགྲོན་གཙོ་བོ་མཆོག་ནས། མཐོ་སློབ་འདིའི་ཕྱིའི་བཀོད་པའི་ཁོར་ཡུག་དང་ནང་གི་ཡོན་ཏན་གང་སྤྱིའི་ཐོག་ནས་མཐུན་རྐྱེན་ཧ་ཅང་བཟང་པོ་འདུག་པར་གཙོ་བོ་༸གོང་ས་མཆོག་གི་བཀའ་དྲིན་དང་། ཨ་མ་རྗེ་བཙུན་པདྨ་མཆོག དེ་བཞིན་མཐོ་སློབ་འདིའི་སློབ་སྤྱི་གཙོས་དགེ་ལས་རྣམས་ཀྱིས་སྐུ་ངལ་གནང་བར་བསྔགས་བརྗོད་གནང་ཞིང་། བསླབ་པ་མཐར་སོན་གྱི་སློབ་གཉེར་བ་རྣམ་པར་འཚམས་འདྲི་དང་། མ་འོངས་པར་བཀའ་དྲིན་བསམ་ཤེས་ཡོད་པའི་ཐོག་ནས་རང་མི་རིགས་ཀྱི་སྐད་ཡིག་རྒྱུན་སྐྱོང་གིས་གང་སྦྱངས་པ་རྣམས་རང་ཉིད་ཀྱི་སྒོ་གསུམ་གྱི་འགྲོ་འདུག་སྤྱོད་གསུམ་ལ་སྦྱར་དགོས་ཤིང་། རང་ལྟ་མཆོག་འཛིན་ལྟ་བུ་མ་ཡིན་པར་ཁ་ཕྱོགས་ལེགས་པོར་བསྒྱུར་ཏེ་མི་རབས་རྒན་པའི་བཀའ་དྲིན་དྲན་བཞིན་མ་འོངས་གཞོན་སྐྱེས་ལ་བོད་མིའི་རིན་ཐང་བཟང་པོ་རྣམས་རྩིས་སྤྲོད་ཐུབ་པ་དགོས་པའི་བཀའ་སློབ་ཟབ་མོ་གནང་སོང་། མཐའ་དོན་རྒྱལ་བ་ཡབ་སྲས་གཉིས་ཀྱི་གསེར་ཞལ་མྱུར་མཇལ་དང་སློབ་གཉེར་བ་རྣམས་ནས་སྤྱི་ཚོགས་ཀྱི་སྲི་ཞུ་གང་ལེགས་སྒྲུབ་ཐུབ་པའི་ཐུགས་སྨོན་ཡང་གནང་སོང་།

ཐེངས་འདིའི་བསླབ་པ་མཐར་སོན་ནང་ཁྱོན་བསྡོམས་སློབ་གཉེར་བ་ (91) ཡོད་ཅིང་། ཆེད་སྦྱོང་བོད་ཡིག་རབ་འབྱམས་པ་ཐོན་པ་སློབ་གཉེར་བ་བརྒྱད། (8) བོད་ཡིག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་པ་ཉེར་གཉིས། (22) རྒྱ་ཡིག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་པ་གསུམ། (3) གློག་ཀླད་ཉེ་བའི་གཙུག་ལག་རབ་འབྱམས་ཐོན་པ་གསུམ། (3) ཚོང་རིག་ཉེ་བའི་གཙུག་ལག་རབ་འབྱམས་ཐོན་པ་ཉེར་གཅིག (21) སྒྱུ་རྩལ་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོོན་པ་སོ་བཞི། (34) བཅས་ཡིན་པ་རེད།

ཕྱི་ལོ་ ༢༠༡༦ ལོ་ནས་རྒྱལ་སྤྱིར་ངོས་འཛིན་ལྡན་པའི་ཕྱག་འཁྱེར་བཞེས་མཁན་གྱི་བསླབ་པ་མཐར་སོན་ཐེངས་དང་པོ་ཐོན་པ་ནས་དེ་རིང་བར་ཁྱོན་བསྡོམས་སློབ་མཐར་སོན་པའི་སློབ་གྲངས་ (364) རེད།

བོད་ཡིག་སྡེ་ཚན་དུ་ཆེད་སྦྱོང་སློབ་གྲངས་ཞེ་བཞི་དང་། ཉེ་བའི་གཙུག་ལག་སློབ་གྲངས་ཞེ་བདུད་དེ་ཁྱོན་བསྡོམས་ (91) རྒྱ་ཡིག་སྡེ་ཚན་དུ་སློབ་གྲངས་ (26) གློག་ཀླད་སྡེ་ཚན་དུ་སློབ་གྲངས་ (18) ཚོང་རིག་སྡེ་ཚན་ནང་དུ་སློབ་གྲངས་ (94) སྒྱུ་རྩལ་སྡེ་ཚན་ནང་དུ་སློབ་གྲངས་ (135 ) ཡིན་པ་རེད།
བསླབ་པ་མཐར་སོན་བྱུང་བའི་སློབ་གཉེར་བ་རྣམས་བོད་མིའི་སྤྱི་ཚོགས་གང་སར་ཞབས་འདེགས་ཞུ་བཞིན་དང་། མང་དག་ཅིག་ད་ལྟ་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་ཆེས་མཐོའི་སློབ་སྦྱོང་མུས་མཐུད་གནང་བཞིན་རེད།

མཇུག་ཏུ་སློབ་སྤྱི་གཞོན་པ་རྒན་ཟླ་བ་ཚེ་རིང་ལགས་ནས་ཐུགས་རྗེ་ཆེའི་གསུང་བཤད་ཀྱིས་གཞུང་འབྲེལ་མཛད་རིམ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་སོང་།

ཐེངས་འདིར་བསླབ་པ་མཐར་སོན་གྱི་མཛད་སྒོར་ཕ་མ་གཉེན་ཉེ་ཡང་མང་དག་ཅིག་ཆེད་མངགས་ཕེབས་འདུག་པར་བཀྲིས་བདེ་ལེགས་དང་མ་འོངས་པར་གང་མང་ཕེབས་ཐུབ་པར་བསྔགས་བརྗོད་ཞུ།

ཉིན་རྒྱབ་ནས་སློབ་གཉེར་ལྷན་ཚོགས་ནས་བསླབ་པ་མཐར་སོན་རྣམས་དང་དགེ་སློབ་ཚང་མར་རྟེན་འབྲེལ་བཀྲིས་ཀྱི་མཛད་རིམ་མུ་མཐུད་འགྲོ་བཞིན་པའི་གནས་ཚུལ་དུ།།

Related Posts

No results found.

Menu