ལས་འཆར་རྩོམ་ཡིག་འབྲི་ཐབས་ཀྱི་ཟབ་སྦྱོང་།

དེ་རིང་། བོད་རྒྱལ་ལོ་ ༢༡༤༥ ༢༠༡༨ ༡༢ ༡༨ ༩:༠༠ ཐོག་སཱ་ར་མཐོ་སློབ་ཀྱི་རིག་གནས་དུ་མར་མཁྱེན་རྒྱ་ཡངས་པ་སློབ་དཔོན་ཆེན་མོ་རྒན་བསོད་ནམས་རྒྱལ་མཚན་མཆོག་གདན་ཞུས་ཀྱིས་ཆེད་སྦྱོང་བོད་ཡིག་སྡེ་ཚན་ཉེ་བའི་གཙུག་ལག་རབ་འབྱམས་ལོ་རིམ་བཞི་པའི་སློབ་གཉེར་བ་རྣམས་ལ། “ལས་འཆར་རྩོམ་ཡིག་ཚད་ལྡན་འབྲི་ཐབས་ཀྱི་ཟབ་སྦྱོང་” ཞེས་པའི་འོག་ཞིབ་འཇུག་ཐབས་ལམ་དང་། ཞོར་དུ་གཙུག་ལག་རབ་འབྱམས་ལོ་རིམ་དང་པོའི་སློབ་གཉེར་བ་རྣམས་ལ་མཁས་མཆོག་ས་པཎ་གྱིས་མཛད་པའི་སྒྲ་ལ་འཇུག་པའི་བསྟན་བཅོས་ཆེད་ཁྲིད་གནང་སྒོ་ཚུགས་སོང་།

ཁོང་གིས། ང་རང་ལ་ཞིབ་འཇུག་སློབ་མ་སྐྱོང་བའི་འགན་ཞིག་འབབས། དེ་ལ་གདོང་ལེན་ཞིག་བྱས་ནས་ད་ལྟ་ཞིབ་འཇུག་སློབ་མ་སྐྱོང་ཐུབ་པའི་གནས་སྟངས་ལས། ཞིབ་འཇུག་པ་ཆེད་མཁས་དེ་འདྲ་མིན་ཞེས་གསུངས་ཞོར།

དུས་རབས་བཅོ་བརྒྱད་ཀྱི་དུས་དཀྱིལ་ཕྱི་མ་ཙམ་ན་ཞིབ་འཇུག་ཐོག་མར་བྱུང་བ་རེད། ཚབ་མཚོན་ལོ་རྒྱུས་ཞིབ་འཇུག་པ་ (R C Collingwood) གིས། “ལོ་རྒྱུས་ནི་འདས་པ་ལ་འཚོལ་ཞིབ་བམ་ཞིབ་འཇུག་བྱེད་པ་དེ་ཡིན” གསུང་དྲངས་ནས། ཞིབ་འཇུག་པ་ནི་ད་ལྟ་བ་དང་ཞིབ་འཇུག་བྱ་ཡུལ་ནི་འདས་པར་ཡིན། དེ་གཉིས་འབྲེལ་མཐུད་བྱེད་མཁན་ནི་རྒྱུ་ཆ་ཟེར་བ་དེ་ཡིན། རྒྱུ་ཆ་ནི་ངག་དང་ཡི་གེ་ཙམ་གྱིས་མི་ཆོག་པར་ཡུལ་དངོས་དངོས་རྫས་དེང་རབས་འཕྲུལ་ལས་རིག་པའི་དཔང་རྟགས་ཡོད་དགོས། 
ཞིབ་འཇུག་པ་ལ་འཆར་སྣང་དགོས་ཤིང་། འཆར་སྣང་མེད་ན་ཞིབ་འཇུག་བྱ་མི་ཐུབ། ཞིབ་འཇུག་གི་རྒྱུ་ཆ་ལེགས་པོར་བཀླགས་རྗེས་ཞིབ་འཇུག་གི་འཆར་སྣང་གསོན་པོ་ཞིག་ངང་གིས་འཆར་ཐུབ།

ཞིབ་འཇུག་པ་ཡུལ་ཅན་དང་ཞིབ་འཇུག་བྱ་ཡུལ་འདས་པ་གཉིས་ཀྱི་འཆར་སྣང་གཅིག་ཏུ་འཆར་ཚེ་ཞིབ་འཇུག་གི་ཚད་གཞིར་སླེབས། མདོར་ན། འདས་པའི་དོན་སྙིང་ད་ལྟའི་འཆར་སྣང་རི་མོར་བཀོད་པ་ལ་ལོ་རྒྱུས་དང་། ལོ་རྒྱུ་ནི་བསམ་བློ་ཞིག་ཡིན།

གང་ལྟར་ཞིབ་འཇུག་སྔོན་དུ་འགྲོ་དགོས་པ་དང་། ཞིབ་འཇུག་ཟེར་བ་ནི་དཔྱད་པ་དང་ཞིབ་ཚགས་དང་དཔང་རྟགས་ཀྱི་རིགས་པས་ཐག་གཅོད་ཀྱིས་བསྒྲུབས་དགོས་པ་ལས་ཡུལ་གྱི་ཕྱོགས་ནས་རང་བཞིན་གྱི་འགྲུབ་ཡོང་ཐབས་མེད།

ཞིབ་འཇུག་གི་བརྒྱུད་རིམ་ལེགས་པར་སོང་རྗེས་ཞིབ་འཇུག་གི་རྩོམ་ཤོག་རྗེས་སུ་ཡོང་གི་ཡོད། གཙོ་བོ་ཞིབ་འཇུག་གི་རྒྱུ་ཆ་ལ་དོ་སྣང་དགོས་པ་གལ་ཆེན་པོ་རེད།

སྒྲ་ལ་འཇུག་པ་ནི་མཁས་མཆོག་ས་པཎ་གྱིས་མཛད་ཅིང་། དུས་སྐབས་དེར་སོག་པོའི་མངའ་ཐང་གིས་དབང་བསྒྱུར་རྒྱ་ནག་གཙོ་བའི་ཁྱམ་མཚེས་རྒྱལ་ཁབ་ཚང་མར་ཧ་ཅང་ཁྱབ་བཞིན་པའི་སྐབས་ཏེ། ཁོང་ཉིད་དགུང་ལོ་ཉེར་གཉིས་ཀྱི་སྟེང་དུ་བརྩམས་པ་ཞིག་རེད།

རིག་གནས་ལྔ་ཟེར་བ་རྒྱ་གར་ནས་ཡོད་ཆོག་ཀྱང་། བཅུ་ཟེར་བའི་གྲངས་ཀ་ཐོག་མར་བཏོད་མཁན་ས་པཎ་ཡིན། དེ་ཡང་། གཞུང་དེའི་བརྩམས་པར་དམ་བཅའ་འམ་སྣོད་ལྡན་ཉན་པར་སྐུལ་སྐབས།

“གཞན་དག་གིས་ནི་སྔོན་ཆད་ལུགས་འབྱུང་འདི།། གངས་རིའི་ངོགས་འདིར་རྒྱས་པར་མ་མཛད་ལ།། དེས་ན་མཁས་པ་རྣམས་ཀྱང་རྨོངས་གྱུར་པས།། འདི་ལ་ཁོ་བོ་བློ་གྲོས་གསལ་ཕྱིར་དབྱེ།།” 
ཞེས་གསུངས་པ་བཞིན། བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་ལམ་ལུགས་ནང་རིག་གནས་ཆུང་བ་རྣམས་ནང་དོན་རིག་པ་ལྟ་བུ་སྦྱོང་མཁན་ལ་བར་ཆད་ལྟ་བུར་བརྩིས་ནས་ཤེས་ཡོན་སྤྲོད་ཐབས་ཀྱི་གོ་རིམ་ལུགས་འབྱུང་མིན་པར་ལུགས་ལྡོག་ཏུ་སོང་བར་དགག་པའི་གདམས་པ་དེ་དོན་དུ་གལ་ཆེན་ཡིན་པ་སོགས་གསུངས་སོང་།

དེ་རིང་གི་དབུ་འབྱེད་འཛིན་གྲྭ་ཉིན་དང་པོར་བོད་ཡིག་སྡེ་ཚན་གྱི་འགན་འཛིན་རྒན་ཆོས་རྒྱལ་བཀྲིས་ལགས་ནས་ངོ་སྤྲོད་དང་ལས་རིམ་སྙན་སེང་དང་། ཉམས་ཞིབ་དང་འཛིན་སྐྱོང་འགན་འཛིན་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས་དང་། སྐད་ཡིག་སློབ་དགེ་དགེ་བཤེས་བློ་བཟང་དངོས་གྲུབ་ལགས། བོད་ཡིག་སྡེ་ཚན་གྱི་སློབ་མ་འབྲེལ་ཡོད་བཅས་ཆེད་བཅར་ཞུས་སོང་། ཟབ་སྦྱོང་འདི་འདི་ཟླའི་ཚེས་ ༢༦ བར་འགྲོ་རྒྱུ་རེད་འདུག

Related Posts

No results found.

Menu