ལས་འཆར་རྩོམ་ཡིག་དང་སྒྲ་ལ་འཇུག་པའི་ཟབ་སྦྱོང་ལེགས་པར་མཇུག་བསྒྲིལ་སོང་།

བོད་ཀྱི་ལོ་རྒྱུས་སྨྲ་བ་རྒན་བསོད་རྒྱལ་ལགས་སུ་བོད་ཀྱི་ན་གཞོན་རྣམས་ནས་བོད་ཀྱི་ལོ་རྒྱུས་ཇི་ལྟར་སྦྱོང་དགོས་སྐོར་བཅར་འདྲི་ཞིག་ཕྱི་ལོ་གསར་ལ་ལེགས་སུ་འབུལ་རྒྱུ་ཡོད་པས་གསན་གཟིག་མགྱོགས་པོ་ཐུབ་ཀྱི་རེད།

དེ་རིང་བོད་རྒྱལ་ལོ་ ༢༡༤༥ ༢༠༡༨ ༡༢ ༢༦ ༡༡:༠༠ ཐོག་བོད་ཡིག་ཆེད་སྦྱོང་རིག་གནས་རབ་འབྱམས་ལོ་རིམ་བཞི་པའི་རྒྱུགས་དུས་བརྒྱད་པའི་དཔྱད་བརྗོད་ཚད་ལྡན་འབྲི་ཐབས་དང་། ཆོས་རྗེ་ས་པཎ་གྱི་སྒྲ་ལ་འཇུག་པ་འཆད་འཁྲིད་ལེགས་པར་གྲུབ་པའི་མཛད་སྒོ་སྟབས་བདེ་ཞིག་གནང་སོང་།

སཱ་ར་མཐོ་སློབ་ཀྱི་རིག་གནས་དུ་མར་མཁྱེན་རྒྱ་ཡངས་པ་སློབ་དཔོན་ཆེན་པོ་རྒན་བསོད་ནམས་རྒྱལ་མཚན་ལགས་ནས། ཉམས་ཞིབ་ཀྱི་ཐབས་ལམ་ཟེར་བ་ནི་སྐད་ཡིག་གི་བརྒྱུད་ལམ་མ་འདྲ་ཙམ་ལས་སྤྱིར་བཏང་རྒྱལ་སྤྱིར་གཅིག་འགྱུར་ཡིན་སྟབས། དུས་ནས་དུས་སུ་འགྱུར་བ་འགྲོ་བསྡད་མཁན་གྱི་སློབ་ཚན་ཞིག་ཡིན་སྟབས་དུས་ནས་དུས་སུ་ལེགས་བཅོས་བྱ་རྒྱུ་དེ་གལ་ཆེན་རེད།

གཙུག་ལག་རབ་འབྱམས་ཀྱི་བསླབ་གཞི་ཁག་ནི། ང་ཚོ་བོད་ཀྱི་སྐད་ཡིག་ཐོག་ཏུ་མེད་པ་དང་དཀོན་པོ་མིན་ཀྱང་། རིག་གནས་ཚན་པ་ཁག་ཏུ་འགྲམས་ནས་དམིགས་བསལ་ཆེད་བསྒྲིགས་བྱས་མེད་སྟབས། གཡས་བསྐྱོར་གཡོན་བསྐྱོར་གྱིས་གདོང་ལེན་བྱ་དགོས་པའི་སློབ་ཚན་ཞིག་ཡིན།

མཐོ་སློབ་ཀྱི་སློབ་ཚན་རྣམས་དེང་རབས་དང་རྗེས་མཐུན་འགྲོ་དགོས་སྟབས་དུས་ནས་དུས་སུ་ལེགས་བཅོས་ཀྱིས་མདུན་སྐྱོད་བྱ་དགོས་པ་ལས་དོར་དུ་མི་ཉེན།

ཏཱ་ལའི་བླ་མ་མཐོ་སློབ་འདིར་བོད་ཡིག་ཆེད་སྦྱོང་གཙུག་ལག་རིག་གནས་རབ་འབྱམས་རྒྱལ་སྤྱིའི་ཚད་ལྡན་ལག་འཁྱེར་ངོས་འཛིན་ཡོད་པ་འདི་འདྲ་ཞིག་བཙུགས་ཐུབ་པ་ནི། བོད་ཀྱི་རིག་གནས་ལ་ཞབས་འདེགས་ཆེན་པོ་ཡིན་པས་ཨ་མ་ལགས་གཙོས་འབྲེལ་ཡོད་ཚང་མར་བསྔགས་བརྗོད་གནང་སོང་།

སློབ་སྤྱི་འབུམ་རམས་པ་བུ་མོ་ཚེ་རིང་ལགས་ནས། སཱ་ར་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་རྒན་བསོད་ནམས་རྒྱལ་མཚན་ལགས་ལ་ཐུགས་རྗེ་ཆེ་མཚོན་བྱེད་དར་དཀར་དང་མཐོ་སློབ་ཀྱི་དྲན་རྟེན་འབུལ་མཚམས། ཁ་སང་རྒན་ལགས་འདིར་ཕེབས་སྐབས་བཀའ་མོལ་བྱུང་སོང་། ང་ཚོ་བཙན་བྱོལ་ནང་ཡོད་པའི་མཐོ་སློབ་ཁག་གི་བསླབ་གཞི་དང་སློབ་ཁྲིད་གནང་མཁན་དབར་འབྲེལ་ལམ་ལེགས་པོ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་།

དམིགས་བསལ་རྒན་ལགས་ནས་གཙུག་ལག་རིག་གནས་རབ་འབྱམས་ཀྱི་སློབ་ཚན་ཆ་ཚང་སློབ་ཁྲིད་གནང་གི་ཡོད་སྟབས། མཚམས་རེ་སློབ་མ་རྣམས་དུས་ཚིགས་གཅིག་ཙམ་གྱི་དུས་ཡུན་དུ་འདིར་འཁྲིད་ཕེབས་ནས་ང་ཚོའི་སློབ་ཕྲུག་དང་མཉམ་དུ་འཛིན་གྲྭ་འཁྲིད་རྒྱུ་དང་བགྲོ་གླེང་སྦྱང་བཤད་སོགས་གནང་རྒྱུ་དང་།

ཡང་སྐབས་རེ་ང་ཚོའི་མཐོ་སློབ་ཀྱི་སློབ་ཕྲུག་རྣམས་ཡར་འཁྲིད་ནས་ཕན་ཚུན་སྦྱང་བཤད་སོགས་མདོར་ན་མཉམ་འབྲེལ་གྱི་ལས་གཞི་དགོས་པ་གལ་ཆེན་པོ་སོགས་ཀྱི་རེ་འདུན་བཀའ་སློབ་དང་།

སློབ་གཉེར་བ་རྣམས་ནས་དུས་ཚིགས་གཅིག་རིང་དམིགས་བསལ་འཛིན་གྲྭ་མེད་སྟབས་ཉམས་གསོག་ལ་དོ་འཁུར་དང་མཐོ་སློབ་ཀྱི་མིང་བྱང་བཞིན་འགན་འཁུར་ཚུལ་བཞིན་དགོས་ཤིང་། དམིགས་བསལ་འབྲེལ་ཡོད་སློབ་དཔོན་རྣམ་པ་དང་འཛིན་སྐྱོང་། ཉམས་གསོག་ཏུ་ཕེབས་ཡུལ་སློབ་སྡེའི་འགན་ཡོད་རྣམས་དང་འབྲེལ་ལམ་དུས་ཐོག་གིས་རང་གི་གང་སྤྱན་འབུལ་དགོས་པ་རྣམས་དུས་ཐོག་གནང་དགོས་པའི་བཀའ་སློབ་གནང་སོང་།

བོད་ཡིག་སྡེ་ཚན་གྱི་འགན་འཛིན་རྒན་ཆོས་རྒྱལ་བཀྲིས་ལགས་ནས་ཟབ་སྦྱོང་ཉིན་བརྒྱད་རིང་གི་སློབ་གཉེར་བའི་དོ་དབྱིངས་དང་འབྱོར་ཐོ་སོགས་བརྒྱ་ཆ་བརྒྱ་ཐམ་པ་དང་། མདོར་ན་ཕན་རླབས་ཆེན་པོ་ཡིན་པའི་སྙན་ཐོ་དང་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུས་ནས་མཛད་སྒོ་ལེགས་པར་གྲུབ་སོང་།

ཉིན་རྒྱབ་ཚོུད་ ༢:༣༠ ཐོག་སྐད་ཡིག་གཙུག་ལག་རིག་གནས་རབ་འབྱམས་ལོ་རིམ་དང་པོའི་སློབ་གཉེར་བ་རྣམས་ནས་གནས་བརྒྱད་ཀྱི་ནང་ཚན་བརྗོད་གཞིར་ཆེད་རྩོམ་གཏམ་བཤད་ཀྱི་ལས་རིམ་ཞིག་གནང་ཞིང་། ལམ་སྟོན་དང་གཟུ་དཔང་དུ་རྒན་བསོད་ནམས་རྒྱལ་མཚན་ལགས་ནས་སློབ་གཉེར་བའི་ཆེད་རྩོམ་གཏམ་བཤད་ལེགས་པོ་གནང་འདུག་པར་བསྔགས་བརྗོད་དང་། ནང་དོན་འགའ་ཞིག་ལ་གསལ་བཤད་ལམ་སྟོན་ཀྱང་གསལ་པོར་གནང་སོང་།

སྐད་ཡིག་གཙུག་ལག་སློབ་དགེ་དགེ་བཤེས་ཤེལ་དཀར་བློ་བཟང་དངོས་གྲུབ་ལགས་ནས་རྒན་ལགས་དང་སློབ་སྤྱི་མཆོག ཟུར་དཔང་གཞན་དང་སློབ་གཉེར་བ་ཚང་མར་ཐུགས་རྗེ་ཆེའི་གསུང་བཤད་ཀྱིས་མཇུག་བསྡོམས་གནང་སོང་།

རྒན་བསོད་ནམས་རྒྱལ་མཚན་ལགས་སང་ཉིན་མཁའ་ལམ་བརྒྱུད་སཱ་རར་ཕེབས་འཐོན་གནང་རྒྱུ་རེད།

Related Posts

No results found.

Menu