གཤམ་འཁོད་ཀྱི་གཟེངས་བསྟོད་རྣམས་འོས་བབ་ཡོད་པའི་སློབ་མ་དག་ལ་འབུལ་རྒྱུའི་ཆེད་ཡིན། གཟེངས་བསྟོད་འདི་དག་སྤྲོད་ཕྱོགས་ཀྱི་འོས་འགན་དག་སྡེ་ཚན་སོ་སོའི་འགན་འཛིན་ལ་ཡོད། གཟེངས་བསྟོད་འབུལ་མཁན་ཚན་པ་ནས་ཀྱང་དྲང་པོ་དང་མངོན་གསལ་དོད་པོའི་ཐོག་ནས་གཟེངས་བསྟོད་ཕུལ་དགོས་པ་ཡིན། སྡེ་ཚན་འགན་འཛིན་སོ་སོ་ནས་སློབ་ལོ་རེའམ་རྒྱུགས་དུས་རེ་རེའི་གཟེངས་བསྟོད་སྤྲོད་ཕྱོགས་ཀྱི་རིམ་པ་ཞིག་འཆར་དགོད་བྱེད་དགོས་པ་ཡིན། གཤམ་འཁོད་ཀྱི་གཟེངས་བསྟོད་དག་གིས་སློབ་གླིང་འདི་ཉིད་ཤེས་སྤྱོད་གཉིས་ལྡན་གྱི་སློབ་གསོའི་ཕྱོགས་ལ་གཏད་པའི་སློབ་གླིང་ཞིག་ཡིན་པར་མངོན་པར་མཚོན་གྱི་ཡོད།

༡༽ ཤེས་ཡོན།

ཤེས་ཡོན་ཐོག་རྩེར་སོན་ཡིིན་པ་ངོས་འཛིན་དུ་འཛིན་གྲྭའི་ཕུལ་བྱུང་སློབ་མ་དག་ལ་གཟེངས་བསྟོད་འབུལ་རྒྱུ།

༢༽ རིག་རྩལ།

རྒྱུན་ལྡན་ལས་བརྒལ་བའི་བསམ་བློའི་ནུས་པ་སྟེ་དེ་ཡང་སྒྱུ་རྩལ་རང་བཞིན་གྱི་གསར་གཏོད་མ་ཡིན་པར། ཐབས་ཤེས་འཛོམས་པོའི་སྒོ་ནས་རྒྱུན་གཏན་གྱི་དཀའ་རྙོག་སེལ་བའི་རིག་རྩལ་ལྡན་པའི་སློབ་མ་དག་ལ་གཟེངས་བསྟོད་འབུལ་རྒྱུ།

༣༽ འགོ་ཁྲིད།

འགོ་ཁྲིད་ཀྱི་ནུས་པ་ཁྱད་འཕགས་ལྡན་པའི་མི་སྒེར་གྱི་འཇོན་ནུས་ནི་ངེས་པར་དུ་ངོས་འཛིན་བྱེ་དགོས་པ་ཞིག་རེད། འགོ་ཁྲིད་ཀྱི་ནུས་པ་ཞེས་བརྗོད་དུས་སློབ་གྲཱའི་ནང་གི་རུ་དཔོན་དང་འགན་བདག་ལྟ་བུ་ཡིན་དགོས་པའི་ངེས་པ་མེད། དཀའ་རྙོག་དང་གནས་སྟངས་བྱེ་བྲག་པའི་སྐབས་སུ་བཟང་ཕྱོགས་ཀྱི་ནུས་ཤུགས་བཏོན་ཏེ་དཀའ་རྙོག་སེལ་བའི་ནུས་པ་ལྡན་པའི་རིགས་ལ་ངོས་འཛིན་གཟེངས་བསྟོད་འབུལ་རྒྱུ།

༤༽ སྤྱི་ཚོགས་ཞབས་ཞུ།

གཟེངས་བསྟོད་འདི་ནི་སྐབས་གང་ཞིག་དང་གནས་གང་ཞིག་ཏུ་རོགས་རམ་དགོས་རིགས་ལ་དྭང་བས་ཁུར་བླངས་ཏེ་རོགས་རམ་བྱེད་པར་སྤྲོ་བས་འཇུག་མཁན་གྱི་སློབ་མའི་རིགས་ལ་ཆེ་མཐོང་གཟེངས་བསྟོད་ཅིག་འབུལ་རྒྱུ།

༥༽ ཟུར་སྦྱོང་རིག་ཚན་ལ་མཉམ་ཞུགས།

གཟེངས་བསྟོད་འདི་སློབ་གླིང་གི་བྱེད་སྒོ་སྣ་ཚོགས་ལ་མཉམ་ཞུགས་བྱེད་མཁན་གྱི་སློབ་ཕྲུག་སྟེ། སློབ་གྲྭའི་འཚོ་བ་དེ་རྣམ་པ་གསར་ཞིང་སྤྲོ་སྣང་ལྡན་པར་བྱེད་ནུས་འདོན་པའི་སློབ་ཕྲུག་དག་ལ་གཟེངས་བསྟོད་འབུལ་བ་ཡིན།

༦༽ ཁྱད་དུ་འཕགས་པའི་འབྱོར་རྟགས།

གཟེངས་བསྟོད་འདི་བསྒྲུབ་འོས་པའི་བྱ་གཞག་བསྒྲུབ་པའི་བཟང་སྤྱོད་ཡར་རྒྱས་ལ་མིག་དཔེ་སྟོན་ཐུབ་པའི་སློབ་ཕྲུག་སྟེ། དུས་ཀུན་འཛིན་གྲྭ་དང་བྱེད་སྒོ་གཞན་དག་ལ་དུས་འགྱང་མེད་པར་འཛུལ་ཞུགས་བྱེད་མཁན་དག་གི་ཆེད་དུ་ཡིན།

༧༽ རིག་རྩལ་ལམ་རྩལ་ནུས།

གཟེངས་བསྟོད་འདི་ཁྱད་དུ་འཕགས་པའི་རྩལ་ནུས་དམིགས་བསལ་ཡོད་པའི་རིགས་ཀྱི་ཆེད་དུ་ཡིན། དཔེར་ན། རོལ་དབྱངས་དང་། རི་མོ། ཞབས་བྲོ་དང་། བཞད་གར། མི་སྒེར་ཕན་ཚུན་དབར་གྱི་འབྲེལ་ལམ། གཏམ་བཤད། འབྲི་རྩོམ་ལ་སོགས་པའི་ཐོག་ཁྱད་དུ་འཕགས་པའི་སློབ་ཕྲུག་དག་གི་རྩལ་ནུས་དང་བྱས་འབྲས་ལ་ངོས་འཛིན་ཆེ་མཐོང་སྤྲོད་འོས།

༨༽མི་སྒེར་གྱི་ཡར་རྒྱས།

གཟེངས་བསྟོད་འདི་ནི་སློབ་ཕྲུག་གང་རུང་ཞིག་དུས་ཚོད་ངེས་ཅན་ནང་བཟང་ཕྱོགས་ཀྱི་འགྱུར་ལྡོག་མངོན་གསལ་དོད་པོས་ཡར་རྒྱས་སོང་བའི་རིགས་དང་། གནས་སྟངས་ཛ་དྲག་པོ་དང་གནོན་ཤུགས་ལྗིད་པོའི་ཁྲོད་ནས་ཀྱང་བཟང་ཕྱོགས་ལ་ཁ་འགྱུར་བའི་དཔེ་མཚོན་རང་བཞིན་གྱི་སློབ་ཕྲུག་ཏུ་ངོས་འཛིན་བྱས་ཆོག་པའི་ཡར་རྒྱས་ཅན་དག་གི་ཆེད་དུ་ཡིན།

༩༽ མཚུངས་ཟླ་བྲལ་བའི་ལེགས་སྐྱེས།

སློབ་ཕྲུག་གི་ཤེས་ཡོན་དང་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་གཟེངས་རྟགས་སྤྲོད་པའི་ཚད་གཞི་ཐམས་ཆད་ང་ཚོས་ལེན་དཀའ་བ་ཡིན། དེའི་ཕྱིར་གལ་སྲིད་སློབ་ཕྲུག་བྱེ་བྲག་པའི་ངོས་ནས་མཚུངས་ཟླ་བྲལ་བའི་ལེགས་སྐྱེས་སམ་བྱས་རྗེས་དམིགས་བསལ་བ་བྱུང་ཚེ། ང་ཚོས་གནས་སྟངས་དེ་ལ་དཔག་པའི་ངོས་འཛིན་ཀྱང་བྱེད་ངེས་ཡིན།

Menu