མཐོ་སློབ་དབུ་བརྙེས་ནས་མི་ལོ་བཅིུག་ཏུ་ཕེབས་པའི་གཞུང་འབྲེལ་མཛད་སྒོ།

བཀྲིས་བདེ་ལེགས། བྷེང་ལོར་སྨན་རྩིས་མཐོ་སློབ་གསར་པ། ༢༠༢༠ ༣ ༡༢ ཉིན་གཟའ་སྐར་ཚེས་བཟང་འགྲིགས་པས་དགེ་སློབ་ལས་བྱེད་ལྷན་འཛོམས་ཐོག་གཞུང་འབྲེལ་རྟེན་འབྲེལ་མཛད་སྒོ་ཞུས་ནས་རིམ་བཞིན་འཛིན་གྲྭ་དངོས་སུ་ཚུགས་རྒྱུ་རེད་འདུག

ཕྱི་ལོ་ ༢༠༢༠ ༢ ༡༦ ༨:༣༠ ཐོག་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་བཅུ་གཅིག་ཕེབས་པའི་མཛད་སྒོར་སྐུ་མགྲོན་གཙོ་བོར་བྷེང་ལོར་སྨན་རྩིས་མཐོ་སློབ་ཀྱི་སློབ་སྤྱི་གཞོན་པ་སྨན་རམས་པ་བློ་བཟང་ཡེ་ཤེས་ལགས་ནས་སྣང་གསལ་ཞལ་འབྱེད་ཀྱིས་མཛད་རིམ་དབུ་ཚུགས་སོང་།

ཐོག་མར་སློབ་སྤྱི་འབུམ་རམས་པ་བུ་མོ་ཚེ་རིང་ལགས་ནས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་དམིགས་ཡུལ་ནི། ༸གོང་ས་མཆོག་དང་ཨ་མ་ལགས། བོད་ཁྱིམ་གྱི་མཛད་གཙོ་རྣམ་པ་གཙོས་དགེ་སློབ་ཚང་མའི་ཕུགས་རེ་བཞིན། འདབ་གཤོག་གཉིས་ལྡན་གྱི་གཞོན་སྐྱེས་རེ་བ་ཅན་མང་དུ་སྤེལ་རྒྱུ་དེ་རེད།

དེ་འདྲ་ཡིན་དུས་སློབ་ཕྲུག་མི་རེ་ངོ་རེ་ནས་སྒྲིག་སྤྱོད་གཙང་གསུམ་ལ་འཐུས་ཤོར་མེད་པའི་ཁས་ལེན་དགོས་པ་རེད། འདབ་གཤོག་གཉིས་ལྡན་གྱི་དོན་ནི། མི་ཚེ་བསྐྱལ་ཐུབ་ཙམ་མིན་པར་ཕྱི་ཡི་འཚར་ལོངས་དང་། ནང་གི་བསམ་བློ་མཐུན་ནས་དེ་རིང་གི་ཉིན་མོ་ནས་ངན་གོམས་ཚོད་ལྟ་བྱ་རྒྱུའི་གོམས་གཤིས་ལ་མ་འགྱུར་བར་སློབ་སྦྱོང་ལ་དཀའ་སྤྱད། བསམ་བློ་བཏང་། དཔེ་མཛོད་བེད་སྤྱོད་བཏང་ནས་མཁས་པའི་དེབ་རྣམས་ཀློགས།

འཛིན་སྐྱོང་སྤེལ་གསུམ་གྱི་དོན་དག་གསལ་པོར་ཆགས་སོང་། འཛིན་པ་ནི་སྦྱང་པ་ལེན་པ་དང་། སྐྱོང་བ་ནི་ཁྱད་ཆོས་འབུར་ཐོན་ལ་གོ་དགོས། དེ་བྱུང་བར་གཙོ་བོ་ཚུལ་ཁྲིམས་སྲུང་དགོས་རྒྱུ་དེ་རེད་འདུག

ཨིན་ཇིའི་ནང་དུ་ཞུ་ན། “Self-discipline is the best discipline” ཞེས་ཟེར་སྲོལ་བཞིན་དགེ་བསྙེན་གྱི་སྡོམ་པ་ལེན་དགོས་པ་གལ་ཆེན་རེད་འདུག སྤེལ་བའི་དོན་ནི་གོང་ཞུས་བཞིན་དཀའ་བ་སྤྱད་པ་དེ་རེད་སོགས་གཞེན་སྐུལ་བཟང་པོ་གནང་།

སྐུ་མགྲོན་གཙོ་བོ་མཆོག་ནས། དེ་རིང་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་ངོ་བཅིུག་འཁོར་བའི་དུས་ཆེན་དུ་སྤྲོ་སེམས་འཁོལ་བཞིན་བཅར་ནས་ཡོད།

སློབ་སྤྱི་མཆོག་ནས་འཕྲིན་ཐུང་ཞིག་ཕེབས་ནས་སྐུ་མགྲོན་གཙོ་བོར་གདན་ཞུ་གནང་འདུག སྤྱིར་ང་རང་ནས་འཕྲོད་བསྟེན་དང་འབྲེལ་བའི་གཏམ་བཤད་འདྲ་མ་གཏོགས་སྐུ་མགྲོན་གཙོ་བོ་ཟེར་བ་མི་ཚེའི་ནང་དུ་གཅིག་ཀྱང་འགྲོ་མྱོང་མེད། མཛད་སྒོ་མང་པོར་བཅར་རྒྱུའི་གོ་སྐབས་འདུག་ཀྱང་རྒྱབ་ཏུ་གསོལ་ཇ་འབྲས་སིལ་བཟས་ནས་ཉན་མཁན་གྱི་གྲས་དེ་རེད།

གནའ་དེང་ཟུང་འབྲེལ་གྱི་ཏཱ་ལའི་བླ་མའི་མཐོ་སློབ་ལོ་ངོ་བཅིུག་སྔོན་ནས་ཚུགས་ཟིན་པའི་གནས་ཚུལ་གོ་བར་དགའ་བའི་བསམ་ཚུལ་སྔོན་མ་ནས་ཡོད། དེ་རིང་དངོས་སུ་མཇལ་བར་ཧ་ཅང་དགའ་བོ་བྱུང་།

ང་ཚོ་སྨན་རྩིས་ཁང་ནི། ཕྱི་ལོ་ ༡༩༦༡ ནས་དབུས་བརྙེས་ཀྱང་སྲོལ་རྒྱུན་ལས། དེང་རབས་མེད་པས་འདི་ནི་ཧ་ཅང་ལེགས་པོ་རེད་འདུག མཐོ་སློབ་འདི་བཙུགས་པས་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་འགྲོ་དགོས་པའི་དཀའ་ངལ་ཆེན་པོ་མང་པོ་དེ་བསལ་བ་རེད། དེ་ནི་ཨ་མ་ལགས་དང་མཛད་གཙོ་རྣམ་པའི་རླབས་ཆེན་གྱི་མཛད་བཟང་ཞིག་རེད།

འདི་ན་དགེ་རྒན་བཟང་པོ་ཡོད་པའང་གོ་མྱོང་ཡོད། དཔེར་ན། ང་རང་ལ་ཆ་བཞག་ན་སུ་ཇ་བོད་ཁྱིམ་དུ་ཡོད་སྐབས་མཐོ་སློབ་འདིའི་དགེ་རྒན་དང་སློབ་སྤྱི་གཞོན་པ་ཟུར་བ། ད་ལྟ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་མཆོག བོད་ཡིག་སྡེ་ཚན་གྱི་འགན་འཛིན་རྒན་ཆོས་རྒྱལ་བཀྲིས་ལགས་དང་། སུ་ཇ་བོད་ཁྱིམ་གྱི་དགེ་ལས་རྣམས་ང་རང་ལ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། ཁོང་རྣམ་པའི་བཀའ་དྲིན་ལ་བརྟེན་ཅིང་རང་གིས་འབད་བརྩོན་ཧུར་ཐག་བྱས་ནས་མཐའ་མར་ཡིག་ཚད་དུ་ཨང་རིམ་གཉིས་པ་ལེན་ཐུབ་པ་དེ་འདྲ་ཡང་བྱུང་སོང་།

ལོ་བཞི་ལྔའི་སྔོན་དུ་སྨན་རྩིས་ཁང་རྒྱ་གར་ལྷོ་ཕྱོགས་ཀྱི་ས་གནས་འདིར་སྤོ་འཆར་གྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་སྐབས་ང་རང་དགག་པ་རྒྱག་མཁན་གྱི་ཁོངས་སུ་ཡིན། ང་ཚོ་ལ་སྨན་རྩ་གལ་ཆེན་ཡིན་པའི་བསམ་ཚུལ་དེས་ཡིན།

༢༠༡༩ སྟེ་འདས་ལོར་འདི་གར་མཐོ་སློབ་ཀྱི་འཛིན་ཆས་གྲ་སྒྲིག་ཆེད་དངོས་སུ་བཅར་སྐབས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ཕྱིའི་བཀོད་པ་དང་མཐུན་འགྱུར་ཧ་ཅང་བཟང་པོར་ཡིད་སྨོན་སྐྱེས་སོང་།

བརྒྱུད་རིམ་དེ་སྐབས་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། སློབ་སྤྱི་མཆོག་དང་འཛུགས་སྤྲུན་འགན་འཛིན་རྒན་ཟླ་བ་གནའ་བ་ལགས་རྣམ་པ་གཉིས་ལ་བཀའ་དྲིན་ཆེ་ཞུས་པ་ཡིན། ད་ལྟ་ང་ཚོས་གསར་པ་བཟོས་པའི་འཛིན་ཆས་ཆ་ཚང་མཐོ་སློབ་འདི་དང་གཅིག་པ་འདྲ་ཞིག་རེད། མ་འཁྲུག་པའི་ཆེད་དུ་ཚོན་རྩིས་ཙམ་མ་གཏོགས་ཁྱད་པར་གང་ཡང་ཡོད་པ་མ་རེད། ཐུགས་རྗེ་ཆེ།

གཙོ་བོ་སློབ་ཕྲུག་རྣམས་ཧ་ཅང་གལ་ཆེན་པོ་རེད། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས།། ཅེས་གསུངས་པ་བཞིན། ངས་སྨན་རྩིས་ཁང་གི་སློབ་ཕྲུག་ཚོར་གལ་ཆེན་པོ་བྱས་ནས་ལབས་ཀྱི་ཡོད། སྒྲིག་ལམ་ཡག་པོ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། སློབ་ཕྲུག་སྒྲིག་གཞི་མི་འཁྱེར་མཁན་གྱི་གྲས་ལ་དཀའ་ངལ་ཡོད། འོན་ཀྱང་གཅིག་གི་ཆེད་དུ་སློབ་གྲྭ་འཐུས་ཤོར་འགྲོ་མི་ཉན་པ་དེ་གལ་ཆེན་པོར་བརྩིས་ཀྱི་ཡོད།

མ་འོངས་པར་ང་ཚོའི་དབར་དུ་ཐོུང་གི་ཤེས་ཡོན་གོང་འཕེལ་གྱི་ལས་གཞི་ཧ་ཅང་མང་པོ་ཡོད་པ་རེད། ངས་མཐོ་སློབ་ཀྱི་གཞུང་འབྲེལ་ངོ་དེབ་ཏུ་འཛུལ་ནས་རྒྱུན་མངགས་བྱས་པ་ཡིན། རྣམ་པ་ཚོའི་ངོ་དེབ་ཏུ་དགུང་གསེང་ཡིན་ནའང་གནས་ཚུལ་མང་པོ་སྤེལ་གནང་གི་འདུག དེ་ཚོ་བཀའ་དྲིན་ཆེན་པོ་རེད། མཐའ་དོན། མཐོ་སློབ་དབུ་བརྙེས་ཀྱི་ཉིན་མོར་སྤྲོ་བོ་གནང་རོགས་གནང་།

མཆན། པར་རིས་གསུམ་པ་དང་བཞི་པ་སྨན་རྩིས་མཐོ་སློབ་གསར་པ་དེ་རེད། སྨན་རྩིས་དྲུང་ཆེ་བསམ་མཁར་བསོད་ནམས་སྟོབ་རྒྱལ་ལགནས་ནས་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ།

ཁོང་གི་ངོ་སྤྲོད་སྙིང་བསྡུས།
སྨན་རམས་པ་ཨེམ་རྗེ་བློ་བཟང་ཡེ་ཤེས་ལགས་བོད་ནས་འཛིན་རིམ་བཅུ་པ་ཐོན་རྗེས། རྒྱ་གར་དུ་ ༡༩༩༡ ལོར་འབྱོར། སུ་ཇ་བོད་ཁྱིམ་སློབ་གྲྭར་ལོ་ངོ་བཞི་ཙམ་སློབ་སྦྱོང་གནང་།
༡༩༩༨ ལོར་སྨན་རྩིས་མཐོ་སློབ་ཀྱི་སྨན་སློབ་སྐབས་ ༡༢ པའི་ཁོངས་སུ་ཞུགས།
༢༠༠༢ ལོར་སྨན་པ་བཀའ་བཅུ་པ་ཐོན་རྗེས་ལོ་གཅིག་ཉམས་གསོག་གནང་།
༢༠༠༤ ལོར་ཐོག་མར་མཱི་རཱཊ་ཡན་ལག་སྨན་ཁང་དུ་བརྟག་དཔྱད་སྨན་པ་དང་སྨན་ཁང་འགན་འཛིན་གྱི་ཕྱག་ལས་གནང་།
༢༠༠༨ ལོར་པོཎ་ཊ་ཡན་ལག་སྨན་ཁང་དུ་གནས་སྤོས་ཀྱིས་བརྟག་དཔྱད་སྨན་པ་དང་། སྨན་ཁང་འགན་འཛིན།
༢༠༡༣ ལོར་རྒྱུགས་བཞེས་ཀྱི་ལམ་ནས་སྨན་རམས་པར་གནས་སྤར་དང་། རྒྱུགས་བཞེས་ཀྱི་ལམ་ནས་སྨན་རྩིས་མཐོ་སློབ་ཁང་གི་སྨན་དགེར་འདེམས་ཐོན་བྱུང་།
སྨན་དགེ་གནང་རིང་ཡུ་རོབ་ཏུ་ཟླ་བ་གསུམ་ཙམ་རིང་ཕྱི་མི་དོན་གཉེར་ཅན་ལ་གསོ་བ་རིག་པའི་སློབ་ཁྲིད་གནང་།

༢༠༡༧ ལོར་འོས་འཕེན་གྱི་ལམ་ནས་སྨན་རྩིས་མཐོ་སློབ་ཀྱི་སློབ་སྤྱི་གཞོན་པར་འདེམས་ཐོན་བྱུང་།
༢༠༢༠ ཟླ་བ་དང་པོ་ནས་བྷེང་ལོར་སྨན་རྩིས་ཀྱི་སློབ་སྤྱི་གཞོན་པར་བསྐོ་བཞག་གནང་བ་བཅས་རེད།

འདི་ལོ་མཐོ་སློབ་ཉིན་མོར་གཞུང་འབྲེལ་དམིགས་བསལ་ངོས་འཛིན་གསར་པ་གཅིག་གནང་སོང་བ་ནི། བོད་ཕྲུག་ཁྱིམ་སྡེར་ཞབས་ལོ་ཉི་ཤུ་དང་ཉི་ཤུ་ཡན་དུ་ཕེབས་པ་རྣམས་ལ་ཐུགས་རྗེ་ཆེ་མཚོན་བྱེད་དུ་དཀར་གཙང་མཇལ་དར་རེ་ཕུལ་ནས་བཀྲིས་བདེ་ལེགས་དང་བཀའ་དྲིན་ཆེ་ཞུས་སོང་། ཁྱོན་བསྡོམས་དགེ་ལས་ཞལ་གྲངས་དགུ་འདུག

སློབ་སྤྱི་གཞོན་པ་རྒན་ཟླ་བ་ཚེ་རིང་ལགས་ནས་མཐོ་སློབ་ཀྱི་ངོ་སྤྲོད་གསུང་བཤད་གནང་སོང་། ཁོང་གི་གསུང་བཤད་ཀྱི་སྒྲ་འཇུག་དུམ་བུ་ཞིག་ཕྲན་ལ་ལས་རོགས་གྲོགས་པོ་ཞིག་གིས་བརྒྱུད་བསྐུར་གནང་འདུག་པས་གསལ་པོ་ཡོད་ན་ཡར་འཇུག་བྱ་ངེས་ཡིན།

སློབ་གཉེར་ལྷན་ཚོགས་སྐབས་བཅུ་པས་གོ་སྒྲིག་འོག་སྡེ་ཚན་དབར་གྱི་བུ་དང་བུ་མོའི་སིལ་པོལ་མཐའ་མའི་འགྲན་བསྡུར་དང་། དགོང་མོ་ “ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་གླུ་སྐད།” ཅེས་པའི་རོལ་དབྱངས་དགོང་ཚོགས་བཅས་ལས་རིམ་ཧ་ཅང་སྤུས་ཁ་དག་ཅིང་། ཚགས་ཚུད་ངང་སྤེལ་གནང་སོང་བས་སྐུ་མགྲོན་གཙོ་བོ་གཙོས་དགེ་ལས་སློབ་གཉེར་ཚང་མས་དགའ་བའི་ཐལ་མོ་དྲག་ཏུ་འཕྱུར་སོང་།

གཞུང་འབྲེལ་མཛད་རིམ་གྱི་མདོ་འཛིན་པ་འཛིན་སྐྱོང་དང་འབུམ་རམས་པའི་འགན་འཛིན་དགེ་བཤེས་བློ་བཟང་རྒྱལ་མཚན་རྡོ་རྗེ་འགྱུར་མེད་ལགས་ནས་ཐུགས་རྗེ་ཆེའི་གསུང་བཤད་ཀྱིས་མཛད་རིམ་ལེགས་པར་གྲུབ་པའི་གནས་ཚུལ་དུ།།

Related Posts

No results found.

Menu