བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་དང་ཆིག་སྒྲིལ་གྱི་ནུས་ཤུགས་སྲ་བརྟན་ཡོང་ཐབས

ཁྲི་ཟུར་མཁས་དབང་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གི་མཐོ་སློབ་ཏུ་བཀའ་སློབ།

“སྤྱི་ཚོགས་དང་མི་རིགས། རྒྱལ་ཁབ་ཀྱི་ཁེ་ཕན་གྱི་གནས་བབབ་ལ་སླེབས་སྐབས། རང་རང་སོ་སོའི་སྒེར་གྱི་བསམ་ཚུལ་མི་མཐུན་པའི་རིགས་དེ་ཚོ་ལྕམ་གྱིས་བཞག་ནས་མི་རིགས་དང་རྒྱལ་ཁབ་ཀྱི་ཁེ་ཕན་ཆེ་ཤོས་དེ་ག་པར་སླེབས་ཀྱི་འདུག་དེ་ལ་བལྟ་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད།”

བོད་རྒྱལ་ལོ་ ༢༡༤༥ ཕྱི་ལོ་ ༢༠༡༨ ༡༡ ༡༥ ༡༦:༣༣ ཐོག་འཛམ་གླིང་མཛེས་རྒྱན་༸སྐྱབས་རྗེ་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་དུ་རྟེན་གཞིའི་ཀྲིཥ་ཎ་མུར་ཏིའི་ཤེས་ཡོན་བསྟི་གནས་ཁང་། དྷཱ་ཝེ་ལེ་སློབ་གྲྭ་ནས་ཕེབས་ཐོན་གྱིས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ཏུ་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་བཞིན་དངོས་སུ་ཆིབས་སྒྱུར་ཞབས་ཕྱག་བཀྲིན་བསྐྱངས་གནང་སོང་།

མཐོ་སློབ་ཀྱི་སློབ་སྤྱི་གཙོ་བའི་འགན་འཛིན་རྣམ་པ་དང་དགེ་བཤེས་རྣམ་པ། སློབ་དཔོན་རྣམ་པ་དང་། ལས་བྱེད་དང་སློབ་གཉེར་བ། ས་གནས་སྨན་རྩིས་ཁང་གི་མཐོ་སློབ་གསར་བཞེངས་ཀྱི་ལས་བྱེད་བཅས་ཚང་མས་དགའ་གུས་ཆེན་པོས་ཕེབས་ལམ་གྱི་གཡས་གཡོན་དུ་བཀྲིས་མཇལ་དར་དང་མཆོད་རྫས་སོགས་བསྣམས་ནས་ཕེབས་བསུ་ཞུས་ཤིང་། མཛད་རིམ་གཏན་འབེབས་བཞིན་ཕྱག་ཚོད་ ༡༧:༣༥ ཐོག་མཐོ་སློབ་ཀྱི་བགྲོ་གླེང་ཚོགས་ཁང་དུ་བཀའ་སློབ་བཀའ་དྲིན་གནང་སྒོ་ཚུགས་སོང་།
དེ་ཡང་།
“ཏཱ་ལའི་བླ་མ་མཐོ་སློབ་ཁང་འདི་ཚུགས་ནས་ལོ་མང་པོ་ཞིག་ཕྱིན་པ་རེད། ལོ་ཁ་ཤས་ཤིག་གི་སྔོན་ནས་སློབ་སྤྱི་དང་སློབ་སྤྱི་གཞོན་པ་ནས་ཡང་ཡང་ཕྱག་བྲིས་གནང་ནས་ང་འདིར་ཡོང་དགོས་པ་དང་། སློབ་ཕྲུག་ཚོར་གཏམ་བཤད་བྱེད་དགོས་འདུག་གསུངས་པ་རེད། བཅར་ཡ་གི་འདུན་པ་དེ་སྔ་མོ་ནས་ཡོད་ཀྱང་། ག་དུས་ཡིན་ནའང་གདན་ས་ཁག་གི་མཛད་རིམ་དེ་ཚོ་ཕྲན་བུའི་རིང་དྲགས་པ་དང་། ཡང་མགྱོགས་པོ་མགྱོགས་པོ་འགྲོ་དགོས་པར་བརྟེན་བཅར་མ་ཐུབ་པར་དགོངས་སེལ་ཞུ་ཡ་ཡིན།

ཁ་སང་ཝེ་ལེ་སློབ་གྲྭར་ཉིན་གཅིག་བསྡད་ནས་སང་ཉིན་ནས་སེ་ར་ལ་འཆད་ཉན་མདོར་བསྡུ་ཞིག་ཡོད། སློབ་ཕྲུག་རྣམ་པའི་བློ་རྩེ་གཅིག་ཏུ་སྒྲིལ་བའི་ཡིག་རྒྱུགས་སྐབས་ཀྱི་དུས་ཚོད་གལ་ཆེ་ཤོས་དེ་འཁེལ་ནས་ཡོད་ཀྱང་། འཛིན་སྐྱོང་ནས་དེ་ལ་མ་ལྟོས་པར་གལ་ཆེ་དོན་ཆེ་བརྩིས་ནས་མཛད་རིམ་བང་བསྒྲིགས་ནས་དེ་རིང་འདིར་གཏམ་བཤད་མདོར་བསྡུ་ཞུ་ཡ་གི་གོ་སྐབས་བསྐྲུན་པ་དང་ཚང་མ་མཇལ་བར་ཐོག་མར་དགེ་ལས་སློབ་ཕྲུག་ཡོངས་ལ་མཛའ་བརྩེའི་འཚམས་འདྲི་ཡོད།”

“བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་དང་ཆིག་སྒྲིལ་གྱི་ནུས་ཤུགས་སྲ་བརྟན་ཡོང་ཐབས། ཟེར་བའི་བརྗོད་གཞི་དེ་ཧ་ཅང་གནད་འགག་ཆེ་བའི་བརྗོད་གཞི་ཞིག་ཡིན་པ་བཤད་མ་དགོས་པ་རེད། ཚོགས་ཐེངས་གཅིག་ལ་འདི་སྐོར་ལ་ཆ་ལག་ཆང་བ་ཞིག་ཞུ་ཐུབ་ཡ་ཁག་པོ་རེད། འོན་ཀྱང་སྐལ་ལྡན་རྣམ་དཔྱོད་ཅན་ལ་ཕྱོགས་ཙམ་ཤེས། ཞེས་པ་བཞིན་མདོར་བསྡུ་ཁ་ཟིན་སྤུ་ཟིན་ཞིག་ཞུ་གི་ཡིན།”

“སྤྱིར་བཏང་གི་མང་གཙོའི་ལམ་ལུགས་དང་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ཟེར་བ་འདི་གཉིས་ཁྱད་པར་ཞིག་ཕྱེ་དགོས་པ་དེ་གལ་ཆེན་པོ་རེད། ང་རང་ཚོའི་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་དུ་ལག་ལེན་བསྟར་བཞིན་པ་ནི། ཆབ་སྲིད་ཀྱི་ཤོག་ཁག་མེད་པའི་མང་གཙོའི་ལམ་ལུགས་ཤིག་དང་། སྤྱིར་བཏང་ཁྲིམས་བཟོའི་ལས་དོན། འཛིན་སྐྱོང་གི་ལས་དོན། ཁྲིམས་ལུགས་དབང་འཛིན་གསུམ་པོ་དེ་དབང་ཚད་ཆ་བགོས་གཙང་མ་ཡོད་པའི་སྒྲོམ་གཞི་གཅིག་ནང་བསྡད་ཡོད་པ་རེད།

སྒྲོམ་གཞི་དེའི་ནང་དངོས་ཡོད་ཀྱི་གནས་སྟངས་དངོས་སུ་གསལ་བའི་བཅའ་ཁྲིམས་ཀྱི་ཚིག་ཟིན་ནང་དངོས་སུ་གསལ་བའི་དོན་དག་དང་། བཅའ་ཁྲིམས་ཀྱི་ཚིག་ཟིན་ནང་མ་གསལ་བའི་སྦས་དོན་གྱི་རིམ་པ་སྣ་ཚོགས་ཤིག་ཡོད་པ་རེད།”

“དེ་རིང་སང་ཉིན་ང་ཚོ་སྤྱིར་བཏང་བཙན་བྱོལ་བོད་མི་ཚོ་དང་། ལྷག་པར་དུ་མང་གཙོའི་རིང་ལུགས་ལག་བསྟར་གནང་མཁན་གྱི་འབྲེལ་ཡོད་རྣམ་པས་ཞིབ་ཚགས་པོ་ཞིག་དགོངས་པས་རྟོགས་ཨ་ཡོད་ན་མཚམས་མཚམས་དེ་འདྲའི་དོགས་པ་ཡོང་དགོས་པའི་གནས་སྟངས་ཆགས་བསྡད་ཀྱི་འདུག”

“ཨིན་ཇིའི་སྐད་ཆ་བཞིན་ཡིག་ཕྲེང་དང་ཡིག་ཕྲེང་དབར་གྱི་ཚིག་དེ་ཚོ་ཡང་ཀློག་དགོས་རེད་ཟེར་བ་བཞིན། ཡིག་ཕྲེང་དབར་གྱི་ཚིག་མ་ཟིན་པ་ཁ་ཤས་གནད་འགག་ཆེན་པོ་ཡོད་པ་རེད།”

“མང་གཙོའི་ལམ་ལུགས་ཀྱི་དམིགས་ཡུལ་གལ་ཆེ་བ་ཁ་ཤས་ཞིག་ཡོད་པའི་ནང་ནས་གལ་ཆེ་བ་ཞིག་ཆིག་སྒྲིལ་གྱི་གནས་སྟངས་དེ་རེད། ལམ་ལུགས་དེའི་ནང་ཡུལ་མི་ཚང་མ་ཆིག་སྒྲིལ་ཇི་ཙམ་འགྲོ་ཐུབ་ཀྱི་འདུག དེ་ལ་བརྟེན་ནས་གཞིས་བྱེས་བོད་མི་ཡོངས་རྫོགས་དང་། ལྷག་པར་དུ་བཙན་བྱོལ་བོད་མི་ཡོངས་ཀྱི་ཆིག་སྒྲིལ་གྱི་ནུས་པ་སྲ་བརྟན་གཏོང་ཐུབ་ཀྱི་འདུག་དང་མི་འདུག་ཞིབ་འཇུག་བྱེད་དགོས་པ་ཞིག་དང་། ག་དུས་ཡིན་ནའང་བསམ་བློའི་ནང་བཞག་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་ཡོད།”

“ང་ཚོ་བཀའ་ཤག་ལ་ཡོད་པའི་སྐབས་ལ་བཀའ་ཤག་གི་ལྟ་གྲུབ་རྩ་འཛིན་གསུམ་ཞིག་ཡོད་པ་རེད། བདེན་པ། འཚེ་བ་མེད་པ། ཡང་དག་པའི་རིང་ལུགས། དེ་སྐབས་ལ་མང་གཙོའི་རིང་ལུགས་ཞེས་མ་ལབས་པར་ཡང་དག་པ་ཟེར་བ་ཞིག་སྦྱར་ནས་ཡོད་པ་རེད།

ཡང་དག་པ་ཞེས་སྦྱར་དགོས་པ་ནི། སྤྱིར་བཏང་ཐོག་མར་མང་གཙོའི་ལམ་ལུགས་རྒྱ་གར་ལ་དར་བའི་སྐབས་ལ་ཡང་དག་པ་ཞིག་རེད། ཡིན་ནའང་བར་ལམ་ཞིག་ནས་ལམ་སྲོལ་དེ་མི་རིགས་དང་རྒྱལ་ཁབ་འདྲ་མིན་སྣ་ཚོགས་ཤིག་ནང་དར་བའི་རྗེས་ལ། ད་ལྟའི་གནས་སྐབས་ལ་མང་གཙོའི་མིང་འཁྱེར་བ་གང་ཞིག་ལ་ལམ་ལུགས་དེ་ཡང་དག་པ་མ་ཡིན་པར་ལྟར་སྣང་དུ་ཕྱིན་པ་དང་། ལྷད་ཞུགས་པ་དེ་འདྲ་ཇི་སྙེད་ཅིག་ཡོད་བསྡད་པ་ཞིག་རེད།

དེས་ཡིན་ཙང་། བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་དེ་ང་རང་ཚོའི་རེ་བ་བྱེད་པ་དང་བསམ་ཚུལ་ལ་ཡང་དག་པ་ཞིག་ཡིན་དྲན་གྱི་ཡོད་རེད་དེ། ད་ལྟ་ག་ཙམ་གྱི་ཡང་དག་པ་ཞིག་བསྡད་ཡོད་དང་མེད་དེ་དཔྱད་གཞི་རེད།”

“དེ་རིང་སང་ཉིན་མང་པོ་ཞིག་གིས་མང་གཙོའི་ལམ་སྲོལ་དེ་ནུབ་ཕྱོགས་ནས་ཐོག་མར་དར་བ་རེད་ཟེར་མཁན་མང་པོ་རེད། འོན་ཀྱང་ཡང་དག་པའི་མང་གཙོའི་རིང་ལུགས་ཐོག་མར་རྒྱ་གར་ནས་དར་བ་རེད། ཡངས་པ་ཅན་པ་ཚོགས་ཀྱི་གཙོ་བོ་ནས་དར་བ་ཞིག་རེད།”

“ཆབ་སྲིད་ཀྱི་ཤོག་ཁག་ཡོད་པ་ལས་ཆབ་སྲིད་ཀྱི་ཤོག་ཁག་མེད་པ་དེ་ཞེ་དྲག་གི་ཚད་མཐོ་བ་རེད། ཆབ་སྲིད་ཀྱི་ཤོག་ཁག་མེད་པའི་མང་གཙོའི་ལམ་ལུགས་ནང་མང་ཚོགས་ལ་འགན་ཆེན་པོ་ཞིག་སྤྲད་ཡོད་པ་རེད། མང་ཚོགས་ནས་ཆབ་སྲིད་ཀྱི་ཤོག་ཁག་ཚོས་ལས་ཀ་བྱས་བསྡད་པ་ཡོངས་སུ་རྫོགས་པ་དེ་གཞི་རིམ་མང་ཚོགས་ཀྱིས་ཆ་ཚང་བྱེད་དགོས་པ་ཞིག་རེད།”

“མང་གཙོའི་ནང་དུ་འདྲ་མཉམ། རང་དབང་། དྲང་བདེན། སྤུན་ཟླའི་འདུ་ཤེས་བཞི་དེ་མང་གཙོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སམ་ཡོན་ཏན་རེད།
དེ་དག་གི་ནང་ནས་ཡོང་ཁག་ཤོས་དེ་འདྲ་མཉམ་དང་རང་དབང་གཉིས་དེ་རེད། འདྲ་མཉམ་དང་རང་དབང་གཉིས་དེ་མི་རེ་ངོ་རེ་ནས་རང་གི་བསམ་བློ་གཏོང་བའི་རང་དབང་དེ་མ་རླགས་པ་བྱེད་རྒྱུ་དེ་རེད།

བསམ་བློ་གཏོང་བའི་རང་དབང་དེ་མ་རླགས་པའི་ཐོག་ནས་སོ་སོའི་སྐུ་ཚབ་དང་ཆབ་སྲིད་ཀྱི་དབུ་འཁྲིད་འདེམས་པའི་སྐབས་ལ་མི་གཞན་པའི་གནོན་ཤུགས་ཀྱི་འོག་ཏུ་མ་ཕྱིན་པར་རང་སོ་སོའི་ལག་པ་ལ་བསྡད་དགོས་པ་དེ་གལ་ཆེན་པོ་རེད།”

“དེ་འདྲ་སོང་བ་ཡིན་ཙང་། སྤྱིར་མང་གཙོ་དང་ལྷག་པར་དུ་ཆབ་སྲིད་ཀྱི་ཤོག་ཁག་མེད་པའི་མང་གཙོའི་ནང་ལ་འོས་ཤོག་བསྡུ་བའི་སྐབས་ལ་དྲིལ་བསྒྲགས་བྱེད་ཡ་དེ་མང་གཙོའི་ལམ་སྲོལ་ནང་གི་འགལ་ཟླ་ཆེ་ཤོས་དེ་རེད། དེས་སྤྱི་ཚོགས་གཏོར་བཤིག་གཏོང་ཡ་གི་ཆ་རྐྱེན་ཞིག་ལ་འགྲོ་གི་རེད་མ་གཏོགས་མང་གཙོའི་ལམ་སྲོལ་ལ་བརྟེན་ནས་སྤྱི་ཚོགས་ཆིག་སྒྲིལ་ཡོང་ཡ་གི་མཐུན་རྐྱེན་ལ་རྩ་བ་ཉིད་ནས་འགྲོ་གི་ཡོད་མ་རེད།

མི་མང་པོ་ཞིག་གི་བསམ་བློ་ལ་དྲིལ་བསྒྲགས་བྱེད་ཡ་དེ་རང་དབང་གི་ཆ་ཤས་ལ་བརྩིས་ཀྱི་ཡོད་རེད། དྲིལ་བསྒྲགས་བྱེད་ཡ་དེ་རང་དབང་གི་ཆ་ཤས་རྩ་བ་ནས་མ་རེད། དྲིལ་བསྒྲགས་བྱེད་དུས་མིའི་བསམ་ཚུལ་ལ་འགྱུར་བ་གཏོང་ཡ་ལ་ཐབས་ཤེས་བྱེད་ཀྱི་ཡོད་རེད་བ། དེ་ཆོས་ཕྱོགས་ནས་ཀྱང་འགྲིག་གི་ཡོད་མ་རེད། མ་གསོལ་བ་ནི་མི་བྱའོ།། གསུངས་པ་རེད།”

“༡༩༦༡ ནས་ཕལ་ཆེར་སྤྱི་འཐུས་འོས་བསྡུ་དང་པོ་དེ་བྱུང་བ་རེད། དེ་ནས་བཟུང་ནས་སྐབས་བཅིུས་བར་གྱི་སྤྱི་འཐུས་ཀྱི་འོས་བསྡུ་སྐབས་ལ་དྲིལ་བསྒྲགས་བྱེད་ཡ་གི་ལམ་སྲོལ་དེ་མེད་པ་རེད། དེ་རྗེས་ལུས་རྩ་བ་ནས་མ་རེད། དེ་མེད་པ་དེ་ང་རང་ཚོའི་བཙན་བྱོལ་བོད་མིའི་མང་གཙོའི་ལམ་སྲོལ་གྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་དང་། དེ་ཡོན་ཏན་ཞིག་མ་གཏོགས་སྐྱོན་གང་ཡང་ཆགས་ཡོད་མ་རེད།”

“ཚིག་ཉུང་ཉུང་ཐོག་ནས་འདོམས་བརྒྱབས་ནས་ཞུ་ན། མང་གཙོའི་ལམ་སྲོལ་གྱི་ནང་ལ་མི་མང་ལ་འདམ་ཁ་བྱེད་ཡ་གི་ལམ་ཁ་དེ་ཡོད་པ་རེད། འདམ་ཁ་ཟེར་བ་དེ་མི་མང་ལ་རང་བཞིན་གྱི་བཅོས་མ་ཡིན་པའི་རང་དབང་ཞིག་སྤྲོད་དགོས་མ་གཏོགས་འགྲན་བསྡུར་བྱེད་པ་ཡིན་ན། འགྲན་བསྡུར་དང་འདམ་ཁ་གཉིས་རྦད་ལོགས་ཀ་རེད། འགྲན་བསྡུར་སླེབ་དུས་འདམ་ཁའི་རང་དབང་དེ་རླགས་འགྲོ་བ་རེད། དེ་གཏན་ནས་སྤངས་ཐུབ་པ་ཡིན་ན་དེ་ལ་བརྟེན་ནས་ཆིག་སྒྲིལ་གྱི་ཐབས་ལམ་ཡག་ཤོས་ཞིག་ཡོང་གི་རེད།”

“ཆིག་སྒྲིལ་གྱི་ནུས་ཤུགས་ས་བརྟན་ཡོང་ཐབས་ཟེར་ཡ་དེ་ལ། ཆིག་སྒྲིལ་གྱི་རང་བཞིན་ནི་མི་སུམ་བཅུ་ལ་བསམ་པ་སུམ་བཅུ་ཟེར་བ་བཞིན། གནས་ཚུལ་ག་འདྲ་ཞིག་ཡིན་ནའང་ཚང་མ་གཅིག་ཡོང་ཡ་དེ་ཁག་པོ་རེད། དེ་ཡོང་བར་རེ་བ་བྱེད་པ་ཡིན་ན་རེ་བའི་གནས་ཚད་མཐོ་དྲགས་པ་རེད།

ཡིན་ནའང་སྤྱི་ཚོགས་ཀྱི་ཆིག་སྒྲིལ་ཟེར་ཡ་དེ་གང་འདྲ་བྱེད་ནས་ངོས་འཛིན་བྱེད་དགོས་རེད་ཟེར་ན། སྤྱི་ཚོགས་དང་མི་རིགས། རྒྱལ་ཁབ་ཀྱི་ཁེ་ཕན་གྱི་གནས་བབས་ཀྱི་སྐབས་ལ་སླེབ་སྐབས། སྒེར་གྱི་བསམ་ཚུལ་མི་མཐུན་པ་ག་ཚོད་ཡོད་ནའང་མི་རིགས་དང་རྒྱལ་ཁབ་ཀྱི་ཁེ་ཕན་གྱི་ཆེད་དུ་ཚང་མ་ལོགས་བསམ་བློ་གཅིག་མཐུན་ཡོང་ཡ་གཅིག་དང་། དེ་འདྲ་ཞིག་སླེབས་པའི་སྐབས་ལ་རང་རང་སོ་སོའི་སྒེར་གྱི་བསམ་ཚུལ་མི་མཐུན་པའི་རིགས་དེ་ཚོ་ལྕམ་གྱིས་བཞག་ནས་མི་རིགས་དང་རྒྱལ་ཁབ་ཀྱི་ཁེ་ཕན་ཆེ་ཤོས་དེ་ག་པར་སླེབས་ཀྱི་འདུག་དེ་ལ་བལྟ་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད། སྲོལ་རྒྱན་དང་དེང་རབས་བར་གྱི་ཁྱད་པར་མང་པོ་ཡོད་པའི་ནང་ནས་ཁྱད་པར་ཆེ་ཤོས་གཅིག་དེ་རེད།”

བཀའ་སློབ་ཚོུད་ ༡:༡༡ གནང་ཞིང་མཇུག་ཏུ་དྲི་བར་ལག་པ་རྐྱོང་མཁན་མང་པོ་འདུག་ཀྱང་གོ་སྐབས་གསུམ་ལས་བྱུང་མ་སོང་།

སློབ་སྤྱི་འབུམ་རམས་པ་བུ་མོ་ཚེ་རིང་ལགས་ནས་རིན་པོ་ཆེ་མཆོག་ལ་ཐུགས་རྗེ་བཀའ་དྲིན་ཆེ་ཞུའི་མཎྜལ་མཇལ་དར་དང་། དྲུང་ཡིག་འབུམ་རམས་པ་བསྟན་འཛིན་དོན་ཡོད་མཆོག་ལ་ཐུགས་རྗེ་ཆེའི་མཇལ་དར་དང་དྲན་རྟེན་ཕྱག་རྟགས། འཛིན་སྐྱོང་དང་ཉམས་ཞིབ་ཀྱི་འགན་འཛིན་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས་ནས་རིན་པོ་ཆེ་མཆོག་གི་མཛད་རྣམ་སྙིང་བསྡུ་ངོ་སྤྲོད་ཀྱིས་ཕེབས་བསུའི་གཏམ་བཤད་དང་། བོད་ཡིག་སྡེ་ཚན་གྱི་འགན་འཛིན་རྒན་ཆོས་རྒྱལ་བཀྲིས་ལགས་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་ཀྱིས་མཛད་རིམ་ལེགས་པར་གྲུབ་སོང་།

རིན་པོ་ཆེ་མཆོག་མཐོ་སློབ་ཏུ་སྐུ་གཟིམས་གནང་ནས་ད་རིང་ཞོགས་པ་ ༢༠༡༨ ༡༡ ༡༦ ༧:༤༠ ཐོག་མཐོ་སློབ་ནས་ཧུན་སུར་ལ་ཕེབས་ཐོན་ཕེབས་སྐྱེལ་ཟིན་སོང་།

Related Posts

No results found.

Menu