དགེ་ལས་སློབ་གཉེར་ཡོངས་ལ་བཀའ་སློབ་བཀའ་དྲིན་བསྐྱངས་པ

༢༠༢༠ ༢ ༩ ༩:༠༠ པའི་ཐོག་མཐོ་སློབ་ཀྱི་སྟག་ཚོགས་ཁང་ཆེ་མོར། བཀའ་བློན་ཁྲི་ཟུར་མཁས་དབང་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་ཆོག་གིས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་དགེ་ལས་སློབ་གཉེར་བ་རྣམས་ལ་། “༸གོང་ས་མཆོག་གི་གཟིགས་རྒྱང་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད།” ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ལམ་སྟོན་བཀའ་དྲིན་བསྐྱངས་གནང་སོང་།

རྣམ་དཔྱོད་ཅན་ལ་ཕྱོགས་ཙམ་ཞིག་གསུངས་པ་བཞིན། ༸གོང་ས་མཆོག་གི་གཟིགས་རྒྱང་ནི། འགྲོ་བ་མི་ཙམ་མིན་པར་འཇིག་རྟེན་སྣོད་བཅུད་གཉིས་ཀྱི་གོ་ལར་གནས་པའི་སྲོག་ལྡན་ཡོངས་རྫོགས་ལ་ཁྱབ་པ་ཞིག་རེད། ཚན་རིག་དང་འཕྲུལ་ལས་ཀྱི་གནས་ཚུལ་གསར་པའི་ལྟ་གྲུབ་ཟླ་བསྒྲིལ་རྗེས། སྲོལ་རྒྱུན་དང་འགལ་ཞིང་ལྡོག་སྟེ་མིའི་དགོས་མཁོ་ལས་ལྷག་པའི་དངོས་པོ་འཛུགས་བསྐྲུན་བྱས་པ་རེད། བག་མེད་ལོངས་སྤྱོད་མིའི་འདོད་རྔམ་སྤར་ནས་ཚང་མ་ཚོང་བསྡུར་དང་འགྲན་བསྡུར་གྱི་ལམ་ནས་བག་མེད་ཀྱི་བསམ་བློ་དེ་སླེབས་ཟིན། རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་ནད་ཡམས་ཀྱང་བག་མེད་ལོངས་སྤྱོད་ལ་བརྟེན་ནས་བྱུུང་བ་ཞིག་རེད།

མདོར་ན། ཚང་མ་འཚེ་བའི་གནས་སྐབས་དང་ཚོང་ལ་བསྒྱུར་ཟིན་སྟབས། བསམ་བློ་ཉམས་ཆགས་ལ་བརྟེན་ནས་བཟང་སྤྱོད་ཉམས་ཆགས་དང་། བཟང་སྤྱོད་ཉམས་ཆགས་ལ་བརྟེན་ནས་འགྲོ་བ་མིའི་འཚོ་གནས་ལ་ཉེན་ཁར་སླེབས། ལོ་བརྒྱ་ལས་མི་འགོར་བས། དངོས་ཡོད་གནས་སྟངས་ནི། གས་ཆོག་ཆོག་ཡོད་པའི་འབར་རྫས་ཤིག་ལ་སླེབས་ཡོད།

སྲོལ་རྒྱུན་ནི། འཇིག་རྟེན་སྤྱི་བོར་བརྟེན་པའི་འགན་འཁུར་དང་། དེང་རབས་པས་དེ་མགོ་རྟིང་བསློགས་ཏེ་བསྐྱར་སློག་བྱས་དང་བྱེད་བཞིན་རེད། སྲོལ་རྒྱུན་པ་ལ་སྤྱི་ཚོགས་གལ་ཆེ་བ་དང་། དེང་རབས་པས་སྤྱི་ལས་སྒེར་གལ་ཆེ་བར་འཛིན་པ་དེ་ཡིན། མདོར་ན། ༸གོང་ས་མཆོག་གི་གཟིགས་རྒྱང་ནི། འགྲོ་བ་མི་ཙམ་མིན་པར་སྐྱེ་འགྲོ་ཀུན་གྱི་བདེ་སྐྱིད་གསར་པ་བསྐྲུན་ཐབས་དེ་རེད། (བཀའ་སློབ་ཆ་ཚང་བརྙན་ལམ་ནས་གཟིགས་པར་འཚལ)

ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། ཟེར་བ་དེ་ལོ་ངོ་བཞི་བརྒྱ་དང་ལྔ་བརྒྱ་ལས་མ་འགྲོ་བའི་ནུབ་ཕྱོགས་ཀྱི་ཚིག་གསར་པ་ཞིག་རེད། (Secular) རམ་ཆོས་ལུགས་ལ་མ་བརྟེན་པ་ཟེར་བའི་ཐ་སྙད་དེ་ལ་ཚིག་དོན་མི་འདྲ་བའི་འགྲེལ་བཤད་སྣ་ཚོགས་ཤིག་བྱུང་བསྡད་པ་རེད།

མཐའ་མ། ཨ་རིའི་ནང་དུའང་ (Secular) ཞེས་པའི་ཚིག་དེ་བེད་སྤྱོད་གཏོང་བར་ཁོ་རང་ཚོའི་ཤེས་ཡོན་གྱི་བསྟི་གནས་དེ་ཚོའི་ནང་དུ་ཏོག་ཙམ་མི་བདེ་བ་ཞིག་ཡོང་གི་འདུག དེས་དབང་གིས་ཚིག་དེ་འགྱུར་བ་བཏང་ནས་ (SEE Learning) ཡང་ན། (Universal Ethical) ཟེར་བ་དེ་བཟོས་པ་རེད།

རྒྱ་གར་ནང་དུའང་སི་ཀུ་ལར་ཞེས་པའི་ཚིག་དེ་ཆབ་སྲིད་ཀྱི་བེད་སྤྱོད་བྱེད་ཡག་གི་ཚིག་ཅིག་ཆགས་པ་ཡིན་ཙང་། འཇིག་རྟེན་སྤྱི་ཡོངས་ལ་ཁྱབ་པའི་བཟང་སྤྱོད་ཟེར་བ་དེ་བེད་སྤྱོད་བཏང་གི་ཡོད་རེད།

བོད་སྐད་ལ། ༸སྐྱབས་མགོན་རིན་པོ་ཆེས་ཐོག་མར་སི་ཀུ་ལར་ཨཱི་ཐིག་ཟེར་བ་དེ་ཆོས་ལུགས་ལ་མ་བརྟེན་པ་ཟེར་བ་དེ་རེད། སི་ཀུ་ལར་ཟེར་བའི་ཚིག་དེ་འཇིག་རྟེན་གྱི་བྱ་བ་ཙམ་ལ་བསྒྱུར་ནའང་འགྲིག་གི་ཡོད་རེད། མི་ཆོས་ཙམ་ལ་བསྒྱུར་བ། ཡིན་ནའང་སྒྱུར་མཁན་བྱུང་ཡོད་མ་རེད།

སྔོན་མ་ནས་ང་རང་ཚོའི་བོད་ཀྱི་གནའ་བོའི་ཐ་སྙད་ལ་བལྟས་པ་ཡིན་ན། ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག་བྱས་ནས་མི་ཆོས་ཟེར་བ་དེ། ཕལ་ཆེར་ཆོས་ལུགས་ལ་མ་བརྟེན་པའི་རྣམ་འགྱུར་འདྲ་བོ་ཞིག་ཡོད་པ་རེད། ལྷ་ཆོས་ལས་ལོགས་སུ་མི་ཆོས་ཕྱེ་དགོས་ཡ་དེ་ཐོག་མར་རྩོམ་པ་པོ་ཚོའི་དགོངས་པའི་ནང་ལ་ཡོད་རྒྱུ་རེད།

ཐོག་མའི་ཚོད་ལ་ཆོས་དང་འཇིག་རྟེན་གཉིས་ཀྱི་ནང་ནས་རཱི་ལི་ཇོན་སི་ཀུ་ལར་ཟེར་དུས། སི་ཀུ་ལར་ཟེར་བ་དེ་ཆོས་ལས་གཞན་པའི་འཇིག་རྟེན་ལ་གོ་ཡ་ཞིག་རེད། ཡིན་ནའང་དུས་ཀྱི་འགྱུར་བ་དང་མཉམ་དུ་སི་ཀུ་ལར་ཟེར་བ་དེ་ཆོས་མེད་རིང་ལུགས་ལ་བསྒྱུར་བ་མང་པོ་བྱུང་བ་རེད། ཆོས་འགོག་རིང་ལུགས་ལ་བསྒྱུར་བའང་མང་པོ་བྱུང་བ་རེད། ཆོས་ལ་དགག་པ་རྒྱག་མཁན་དེ་ཚོ་ལ་སི་ཀུ་ལར་ཟེར་གྱི་ཡོད་པ་འདྲ་བོ། ཆོས་མེད་པར་ཁས་བླངས་མཁན་དེ་ལ་སི་ཀུ་ལར་ཟེར་གྱི་ཡོད་པ་འདྲ་བོ་དེ་འདྲ་སྣ་ཚོགས་ཤིག་བྱུང་བ་རེད།

ཡིན་ནའང་སི་ཀུ་ལར་ཞེས་པའི་ཚིག་དེ་བདག་ཉིད་ཆེན་པོ་གྷན་དཱིས་རྒྱ་གར་གྱི་སྐད་ལ་སྒྱུར་བའི་སྐབས་ལ། སར་བ་དྷརྨ་སཾ་བྷ་བ་རེད། དེ་ལ་ཆོས་འགལ་རིང་ལུགས་དང་། ཆོས་མེད་རིང་ལུགས། ཆོས་འགོག་རིང་ལུགས་ཟེར་བའི་ཐ་སྙད་དེ་བེད་སྤྱོད་གནང་ཡོད་པ་མ་རེད།

སར་བ་དྷརྨ་ཟེར་བ་ཆོས་ལུགས་ཐམས་ཅད། སཾ་བྷ་བ་ཟེར་བ་གཅིག་འགྱུར་དུ་བལྟས་པ། ཆོས་ལུགས་ཐམས་ཅད་ལ་གུས་ཞབས་གཅིག་མཚུངས་བྱས་པ་ལ་ཟེར།

གུས་ཞབས་དང་དད་པ་གཉིས་པོ་ནས། དད་པ་ཞེས་པ་དེ་ཉམས་ལེན་གྱི་ཆ་ཤས་ཤིག་དང་བཟང་སྤྱོད་ཀྱི་ཆ་ཤས་ཤིག་རེད། ཆོས་ལུགས་ཚང་མ་ལོགས་ལ་དད་པ་ཟེར་དུས་ཚང་མར་དད་པ་བྱོས་ལབ་ཀྱི་ཡོད་པ་མ་རེད། དད་པ་དེ་ཆོས་ཀྱི་གནས་ཚུལ་རྟོགས་ནས་དད་པ་བྱས་པ་དེ། དབང་རྣོན་ཆོས་ཀྱི་རྗེས་འབྲངས་ཀྱི་དད་པ་བྱེད་ཡག་དེ་རེད། ཆོས་ཀྱི་གནས་ཚུལ་མ་རྟོགས་པ་ཡིན་ནའང་། རྩ་ཆེན་པོ་རེད་བསམས་ནས་དད་པ་བྱས་པ་དེ་དབང་རྟུལ་དད་པའི་རྗེས་འབྲངས་ཀྱི་དད་པ་བྱེད་སྟངས་དེ་རེད།

ཤེས་ནས་དད་པ་ཐོབ་པ་དེ་གལ་ཆེན་པོ་རེད། དེ་གནས་སྟངས་ལོགས་ཀ་རེད། ཤེས་ཀྱང་རུང་མ་ཤེས་ཀྱང་རུང་ཆོས་ལུགས་ཤིག་ཡིན་ཕྱིན་ཆད་ལ་འགྲོ་བ་མིའི་ཕན་བདེ་བསྒྲུབ་པའི་ཐབས་ལམ་ཞིག་ཡིན་པ། དེ་ལ་བརྙས་སྨོད་མི་བྱ་བ། དེ་ལ་ཟུར་ཟ་མི་བྱ་བ། དེ་ལ་སརྦ་དྷརྨ་སཾམ་བྷ་བ་ཟེར་བ་དེ་རེད།

ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཟེར་བ་དེ་དང་། ས་སྐྱ་ལེགས་བཤད་ཀྱི་རིགས་པས་དཔྱད་ན་ཆོས་ལུགས་མི་འགལ་ཞིང་།། ཟེར་བ་དེ་གོ་བ་ལེན་སྟངས་རྦད་དེ་ལོགས་ཀར་རེད། ཡང་བསྲེས་བསྲེས་བཏང་རྒྱུ་ཡོད་མ་རེད།
རིགས་པས་དཔྱད་ན་ཆོས་ལུགས་མི་འགལ་ཞིང་ཟེར་བའི་ཆོས་དེ་ཆོས་རང་རེད། ཆབ་སྲིད་དང་འཇིག་རྟེན་ལ་ལུགས་ཞེས་པ་དེ། ཐ་སྙད་རྙིང་པའི་ནང་དུ་མང་པོ་བེད་སྤྱོད་བཏང་བ་ཞིག་རེད།
སྲིད་དོན་གྱི་ཚན་རིག་ལྟ་བུ་ཞིག་ཡིན་ན་དེ་ལ་ལུགས་ཀྱི་བསྟན་བཅོས་ཟེར་བ་རེད། ལུགས་ཞེས་པའི་སྐབས་དེ་ཆབ་སྲིད་ལ་གོ་དགོས་པ་རེད།

ཡིན་ནའང་ཆོས་ལུགས་ལ་མ་བརྟེན་པའི་ལུགས་དེ་ཨིན་ཇིའི་སྐད་ལ། (ism) ཟེར་བ་དེ་རེད། ཆོས་ཀྱི་གྲུབ་མཐའ་འམ་ཆོས་ཀྱི་གནས་བབ་དེ་འདྲ་ཞིག་རེད། དེ་ལ་མ་བརྟེན་པར་བཟང་སྤྱོད་བསླབ་པའི་སྐབས་ལ་ཆོས་རྒྱབ་རྟེན་ལ་གྲངས་ནས་མ་བསླབས་པ་ཞིག ཆོས་ཡོད་མེད་གང་ལྟར་ཀྱང་། ཆོས་ལུགས་བྱེ་བྲག་པ་ཞིག་གི་ངོས་ནས་ཀྱང་མ་བསླབས་པ་བྱས་པ་ཞིག་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཟེར་བ་རེད།

དེ་སྟབས་བདེ་པོ་རེད། བཟང་སྤྱོད་ཅིག་བསླབ་པའི་སྐབས་ལ་ཆོས་ལུགས་ནས་བཤད་པའི་ཕན་ཡོན་དང་ཉེས་དམིགས་དེ་ཚོ་རོགས་ལ་མ་འདྲེན་པ་བྱས། དེའི་ཐབས་ལམ་ལ་མ་བརྟེན་པ་བྱས། ཆོས་ནས་བཤད་པ་མ་ཡིན་པ་འཇིག་རྟེན་སྤྱི་ཡོངས་ཀྱིས་ཡོངས་གྲགས་སུ་བཤད་པའི་སྐྱོན་དང་ཡོན་ཏན་ལ་བརྟེན་ནས་བཟང་སྤྱོད་གོང་འཕེལ་གཏོང་ཡ་དེ་འདྲ་ཞིག་ལ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཟེར་བའི་དོན་དག་དེ་རེད།

དཔེར་ན་དབུ་མ་འཇུག་པར་ཆ་བཞག་ན། མི་སྡུག་གཟུགས་སུ་བྱེད་ཅིང་དམ་པ་མིན་པར་བཀྲི། །ཚུལ་དང་ཚུལ་མིན་ཤེས་པའི་རྣམ་དཔྱོད་འཕྲོག་བྱེད་ཅིང་། །མི་བཟོད་པ་ཡིས་མྱུར་དུ་ངན་འགྲོར་སྐྱུར་བར་བྱེད། །བཟོད་པས་བཤད་ཟིན་དང་འགལ་ཡོན་ཏན་རྣམས་བྱེད་དོ། །བཟོད་པས་མཛེས་ཤིང་སྐྱེ་བོ་དམ་པ་ལ། །མཁས་པར་འགྱུར་ཞིང་དེ་ཡི་འོག་ཏུ་ནི། །ཞེས་པ་དེས།

བཟོད་པའི་ཡོན་ཏན་དང་ཁོང་ཁྲོའི་སྐྱོན་བརྗོད་པ་ཞིག་རེད། མི་སྡུག་གཟུགས་སུ་བྱེད་ཅིང་ཟེར་བ་དེ་ཆོས་ལུགས་ལ་མ་བརྟེན་པ་ཟེར་བ་དེ་རེད། ཁོང་ཁྲོ་བཟའ་ན། གདོང་སྐྱོ་བོ་ཆགས་ཀྱི་རེད་ཟེར་བ་དེ་ཆོས་ཀྱི་སྐད་ཆ་གང་ཡང་རེད་མི་འདུག་ག དམ་པ་མིན་པར་བཀྲི་ཟེར་བ་དེ། ཁོང་ཁྲོ་བཟའ་མཁན་དེ་མི་སྡུག་ཅག་ལ་བརྩིས་ཀྱི་རེད་ཟེར་བ་དེ་ཆོས་ལ་བརྟེན་དགོས་ཀྱི་ཡོད་མ་རེད། ཚུལ་དང་ཚུལ་མིན་ཤེས་པའི་རྣམ་དཔྱོད་འཕྲོག་བྱེད་ཅིང་། །ཁོང་ཁྲོ་བཟའ་དུས་འོས་པ་དང་མ་འོས་པ་གང་ཡིན་པ་དབྱེ་བ་ཕྱེ་བའི་རྣམ་དཔྱོད་དེ་མེད་པར་ཆགས་འགྲོ་བ་ཡོངས་གྲགས་ཀྱི་སྐད་ཆ་རེད་མ་གཏོགས་ཆོས་ཀྱི་སྐད་ཆ་གང་ཡང་མ་རེད། དེ་ཚོ་ཆོས་ལུགས་ལ་མ་བརྟེན་པའི་ཁོང་ཁྲོའི་ཉེས་དམིགས་དེ་རེད།

མི་བཟོད་པ་ཡིས་མྱུར་དུ་ངན་འགྲོར་སྐྱུར་བར་བྱེད། ཟེར་བ་དེ་ཆོས་ཀྱི་སྐད་ཆ་རེད། སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཀྱི་སྐད་ཆ་བཤད་དུས་ཆོས་ལ་བརྟེན་པ་ཞིག་རེད། བཟོད་པས་མཛེས་ཤིང་སྐྱེ་བོ་དམ་པ་ལ། །མཁས་པར་འགྱུར་ཞིང་ལུགས་དང་ལུགས་མིན་ལ་མཁས་པར་འགྱུར་ཞིང་ཟེར་བ་དེ་ཚོ་དེ་ཆོས་ལུགས་ལ་མ་བརྟེན་པ་རེད།

བྱས་ཙང་ཆོས་ལུགས་ལ་བརྟེན་དང་མ་བརྟེན་དེ་བཟང་སྤྱོད་དང་ངན་སྤྱོད་ཀྱི་ཕན་ཡོན་དང་། ཉེས་དམིགས་བཤད་པའི་སྐབས་ལ་ཆོས་ཀྱི་རྒྱབ་སྐྱོར། ཡང་ན། ཆོས་ཀྱི་ཁུངས་མ་གྲངས་པ་བྱས། སྤྱིར་བཏང་འཇིག་རྟེན་ཡོངས་གྲགས་ཀྱི་གནས་བབ་ཀྱི་ཐོག་ནས་རྒྱུ་མཚན་དུ་བཀོད་པ་དེ་ལ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཟེར་བའི་རྩ་བའི་གོ་དོན་འདྲ་བོ་དེ་འདྲ་ཞིག་རེད།

དེ་ཡང་ཚན་རིག་དང་མཐུན་པར་བྱས་ནས་དེང་རབས་པས་བཤད་པ་ནང་བཞིན་ཞིག ༸སྐྱབས་མགོན་རིན་པོ་ཆེས་གཟིགས་རྒྱང་གཙོ་བོ་གཞན་པ་གཅིག

དེང་རབས་པའི་ཚན་རིག་པའི་བསམ་བློ་ལ་ཡར་རྒྱས་བཏང་དགོས་ཡ་དང་འགྱུར་བ་བཏང་དགོས་ཡ་དེ་ཡང་། ༸གོང་ས་མཆོག་གི་གཟིགས་རྒྱང་འདྲ་བོ་གཅིག་རེད། གྷན་དཱིའི་སློབ་མའི་གཙོ་བོ་ལྷག་པར་དུ་ཆོས་ཕྱོགས་ཀྱི་སློབ་མའི་གཙོ་བོ་ཞིག་ཨཱ་ཅཱརྱ་བི་ནོ་བྷ་བི་རེད། ཁོང་གིས་སྔོན་མ་ནས་གསུངས་ཀྱི་རེད། དེ་ལ་ངས་དགག་པ་ཡང་བརྒྱབ་མྱོང་། ཁོང་བཞུགས་བཞིན་པའི་སྐབས་སུ་རེད། ཁོང་གིས་ག་རེ་གསུངས་ཀྱི་ཡོད་རེད་བྱས་ན།

ཚན་རིག་ཡར་རྒྱས་འགྲོ་ཡི་ཡོད་རེད། ཚན་རིག་དེ་ད་ལྟ་ནང་བཞིན་བར་ཆད་མེད་པར་ཡར་རྒྱས་ཕྱིན་པ་ཡིན་ན། ཉིན་མ་གཅིག་དེའི་ཡར་རྒྱས་དེ་རྩེ་མོའི་སྐབས་ལ་ནང་དོན་རིག་པ་དང་མཉམ་དུ་འགྲོ་གི་རེད། ཨཱ་དྱ་མིག་སྟེ། ཆོས་དང་མཉམ་འགྲོ་གི་རེད། ཚན་རིག་པའི་ཡར་རྒྱས་ཕྱིན་ནས་ཆོས་དང་མཉམ་སོང་ན། ཆོས་དང་ཚན་རིག་གཉིས་པོ་དེ་མཉམ་འབྲེལ་བྱུང་བའི་ཉིན་མོ་དེར་འཇིག་རྟེན་སྤྱི་ཡོངས་ཀྱི་་་་་་ ད་ཁོང་གིས་ཚིག་བེད་སྤྱོད་གཏོང་ཡག་དེ། (world view) འཇིག་རྟེན་ལ་ལྟ་སྟངས། དེས་དབང་གིས་འཇིག་རྟེན་སྤྱི་ཡོངས་ཀྱི་གནས་སྟངས། ད་་་་་ ་མངོན་ཡག་གི་ཞི་བདེ་ངོ་མ་དེ་སྐབས་དེ་དུས་ཡོང་གི་རེད་གསུངས་ཀྱི་ཡོད་པ་རེད།
བྱས་ཙང་ངས་དེ་གང་འདྲ་ཡིན་ནམ་བསམས། ཚན་རིག་གི་ཡར་རྒྱས་ཆོས་དང་མཉམ་པ་ཞིག་འགྲོ་ཐུབ་ཡ་དེ་དངོས་ཡོད་ཀྱི་གནས་ཚུལ་རེད་དམ་མ་རེད། དེས་སེམས་ཅན་ཐམས་ཅད་སངས་རྒྱས་པའི་རྒྱུ་ཡོད་མེད་ལབས་བསྡད་པ་དེ་དང་གཅིག་པ་འདྲ་ཞིག་མ་རེད་པས་དེ་འདྲ་ལབས་མྱོང་།

འདི་རེད་མི་འདུག ༸གོང་ས་མཆོག་གིས་གནད་དོན་དེ་ག་རང་གཟིགས་རྗེས་ལོ་བཞི་བཅུའི་སྔོན་ནས་ཚན་རིག་པ་དང་འབྲེལ་བ་གནང་ཡ་དེ་རེད། གང་ཡིན་བྱས་ན། སངས་རྒྱས་ཀྱིས་ཆོས་སྟོན་པའི་སྐབས་དེ་ལའང་། སྐབས་དེ་དང་དེའི་གདུལ་བྱའི་ཁམས་དང་བསྟུན་ནས་གསུངས་པ་ཤ་སྟག་རེད་བ།

དེ་ནང་བཞིན་༸གོང་ས་མཆོག་གིས་ག་རེ་གཟིགས་ཀྱི་ཡོད་རེད་ཟེར་ན། ད་ལྟའི་སྤྱི་ཚོགས་ཀྱི་གནས་སྟངས་དང་། འབྱུང་འགྱུར་གྱི་སྤྱི་ཚོགས་ཀྱི་གནས་སྟངས་དེ་ཚོ། ཆོས་དང་ཚན་རིག་གཉིས་ཀྱི་ནང་ནས་ཚན་རིག་དང་འཕྲུལ་ལས་ལ་གཙོ་བོར་བྱེད་མཁན་ཞིག་ཡིན་པ་དེ་ལྡོག་ཏུ་མེད་པ་རེད་བ། མ་འོངས་པ་ལ་ཚན་རིག་ལ་ཡིད་ཆེས་བྱེད་མཁན་དཀོན་ཏུ་འགྲོ་གི་རེད་ཟེར་ཡ་དེ་ཁག་པོ་རེད།

བྱས་ཙང་། ཚན་རིག་གི་ཡར་རྒྱས་ཀྱི་མཉམ་དུ་ཆོས་ཀྱིས་གྲོགས་བརྟེན་བྱས་ཐུབ་པ་ཡིན་ན། ཚན་རིག་དང་འཕྲུལ་ཆས་ཀྱི་ཡར་རྒྱས་དེ་ཉིན་མ་ཞིག་མཚམས་ཤིག་སླེབས་པའི་སྐབས་ལ་ངེས་པར་དུ་འགྱུར་བ་ཆེན་པོ་ཞིག སྤྱི་ཚོགས་རྒྱ་ཆེན་པོའི་ནང་ནས་འགྱུར་བ་འགྲོ་ཡ་དེ།

ད་ལྟའི་གནས་སྐབས་ལ་ཆོས་ཀྱི་ནུས་ཤུགས་ལས་ཚན་རིག་གི་ནུས་ཤུགས་དེ་ཆེ་བ་ཡོད་པ་དེ་གསལ་བོ་ཞེ་དྲག་རེད་བ། དེ་རྒྱུན་རིང་པོ་ཞིག་བསྡད་ཡག་ཅིག་རེད་བ། ཚན་རིག་ཡར་རྒྱས་འགྲོ་ཡ་དེ་ལ་འགོག་རྐྱེན་མང་པོ་ཡོད་རེད།

ད་ལྟའི་གནས་སྐབས་ལ་ཚན་རིག་དེ་རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་། མལ་ཀྲི་ཎེ་ཤོ་ནལ་ཀོ་པོ་རེཌ་དེ་ཚོ། ཚོང་པ་ཆེན་པ་དེ་ཚོའི་ལག་པའི་ནང་དུ་ཉར་བསྡད་ཡོད་རེད་བ། ཚན་རིག་ལ་སྟངས་འཛིན་བྱས་ཀྱི་ཡོད་པ་རེད།

ད་དེ་ཚོའི་ནང་ནས་མ་འདྲ་བ་དཔེར་ན། (David Bon) སོགས་རང་དབང་ཅན་གྱི་ཚན་རིག་པ་མང་པོ་ཞིག་སུ་གང་གིས་དབང་བསྒྱུར་འོག་ལ་མ་འགྲོ་མཁན་མང་པོ་ཞིག་ཐོན་བཞིན་པ་དེ་ཚོ་རླབས་ཆེན་འདྲ་བོ་རེད།

མདོར་ན། འགྲོ་བ་མིའི་བཟང་སྤྱོད་ཡར་རྒྱས་གཏོང་བར་བསམ་བློའི་འགྱུར་བ་བཏང་བའི་ཐོག་ནས་ཡར་རྒྱས་བཏང་བ་མ་གཏོགས། ཁྲིམས་དང་། བཙན་དབང་གིས་ཐོག་ནས་བཏང་མི་ཐུབ་ཡ་དེ་དངོས་ཡོད་ཀྱི་གནས་སྟངས་ཤིག་རེད།

ད་བསམ་བློ་འགྱུར་བཅོས་གཏོང་བར་ངོ་ཤེས་དགོས་རེད། བསམ་བློ་ངོས་ཤེས་སོང་ན། དེ་ཚུལ་བཞིན་ཡིན་མིན་རྣམ་དཔྱོད་ཀྱི་སྟེང་ནས་དབྱེ་བ་ཕྱེ་དགོས་རེད། རྣམ་དཔྱོད་ཀྱི་ཤེས་རབ་ཀྱིས་དབྱེ་བ་ཕྱེ་བའི་རྗེས་ལ་ཚུལ་བཞིན་ཡིན་པ་དེ་ཚོ་ཡར་རྒྱས་གཏང་ཡ་དང་། ཚུལ་བཞིན་མ་ཡིན་པ་དེ་ཚོ་ཉུང་དུ་གཏང་ཡ་དེ་ལས་དོན་གཙོ་བོ་འདྲ་བོ་དེ་རེད།

བཟང་སྤྱོད་གོང་འཕེལ་གཏང་ཡག་གི་ཆོས་ལུགས་དང་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་བྱ་གཙོ་བོ་དེ་རེད། དེ་ག་རེའི་ཐོག་ནས་ཡོང་གི་ཡོད་རེད་ཟེར་ན། མཉམ་པའི་སེམས་དང་། བྱམས་པའི་སེམས་དང་། སྙིང་རྗེའི་སེམས་གསུམ་པོ་དེ་ཡོད་པ་ཡིན་ན། རང་ཤུགས་ཀྱིས་ཡོང་ཐུབ་ཡ་གཅིག་རེད། འོ་འདུག་སེ་བྱས་་་་་་ ཨ་ནེ་དུས་ཚོད་ལྷག་མ་དེ་དྲི་བ་དྲིས་ལན་གྱི་ཆེད་དུ་ཡིན། ཐུགས་རྗེ་ཆེ།

མཐོ་སློབ་ཀྱི་སློབ་སྤྱི་འབུམ་རམས་པ་བུ་མོ་ཚེ་རིང་ལགས་ནས། རིན་པོ་ཆེ་མཆོག་ལ་ཕེབས་བསུ་དང་སྐུ་ཚེ་བརྟན་དུ་བཞུགས་པའི་གསོལ་འདེབས་མཚོན་དོན་དུ་རྒྱལ་བ་ཚེ་དཔག་མེད་ཀྱི་སྐུ་དང་ལྷ་དར་ཕུལ་ཅིང་། སྐུ་ཡི་སྒེར་དྲུང་འབུམ་རམས་པ་སྐུ་ཞབས་བསྟན་འཛིན་དོན་ཡོད་ལགས་ལ་ཐུགས་རྗེ་ཆེ་མཚོན་དོན་དུ་སྟོན་པའི་སྐུ་ཆུང་ངུ་ཞིག་གནང་སོང་།
མཛད་རིམ་ཁྱོན་ཡོངས་ཀྱི་མདོ་འཛིན་པ་འཛིན་སྐྱོང་འགན་འཛིན་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས་ཀྱིས་གནང་བ་བཅས་ཀྱི་གནས་ཚུལ་དུ།།

Related Posts

No results found.

Menu