ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་ངོ་བཅུ་འཁོར་བའི་གཞུང་འབྲེལ་མཛད་སྒོ།

བོད་རྒྱལ་ལོ་ ༢༡༤༦ ཕྱི་ལོ་ ༢༠༡༩ ༢ ༡༦ ༩:༣༨ ཐོག་ཏཱ་ལའི་བླ་མ་མཐོ་སློབ་དབུ་བརྙེས་ནས་ལོ་ངོ་བཅུ་འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བྷེང་ལོར་ཆེས་མཐོའི་གཙུག་ལག་སློབ་ཉེར་ཁང་གི་རིགས་ཀྱི་དྲུང་ཆེ་འབུམ་རམས་པ་སློབ་དཔོན་ཆེན་མོ་ (Prof. B. k. Ravi) མཆོག སློབ་སྤྱི་གཙོ་བའི་སློབ་དཔོན་དགེ་ལས་རྣམ་པ། དགེ་ལས་དང་སློབ་ཟུར་རྣམ་པ། སློབ་གཉེར་བ་ཚང་འཛོམས་ཀྱིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བཀའ་དྲིན་དྲན་བཞིན་སྐུ་མགྲོན་གཙོ་བོ་མཆོག་ནས་མར་མེ་ཞལ་ཕྱེ་དང་འབྲེལ་མཛད་སྒོ་དངོས་སུ་དབུ་ཚུགས་སོང་།

མཛད་སྒོའི་ཐོག་མར་བོད་རྒྱ་གཉིས་ཀྱི་རྒྱལ་གླུ་དང་། དམིགས་བསལ་ཁ་སང་རྒྱ་གར་གྱི་ས་མཚམས་ཀཱཤ་མཱིར་ས་གནས་པུལ་ཝཱ་ལར་འཇིགས་སྐུལ་དྲག་སྤྱོད་བྱུང་ནས་རྒྱལ་སྲུང་དཔའ་བོ་བཞི་བཅུ་ལྷག་ཅིག་དུས་གཅིག་ཚེ་འདས་ཀྱི་ཡིད་སྐྱོའི་གནས་ཚུལ་བྱུང་བར་མྱ་ངན་ངག་བཅད་དང་། གང་བློ་མའི་ཞལ་འདོན་གསོལ་འདེབས་བཅས་གནང་སོང་།

སྒྱུ་རྩལ་སྡེ་ཚན་གྱི་འགན་འཛིན་ཆབ་སྲིད་རིག་པའི་སློབ་དགེ་རྒན་བསྟན་འཛིན་རིག་བཟང་ལགས་ནས་མཛད་རིམ་སྙན་སྒྲོན་གྱིས་སྐུ་མགྲོན་གཙོ་བོ་མཆོག་ནས། མཐོ་སློབ་འདིར་ཧ་ཅང་བྱང་སེམས་ཅན་གྱི་བུ་མོ་བོད་ཡིག་ལོ་རིམ་གསུམ་པའི་སློབ་གཉེར་བ་བསྟན་འཛིན་ཆུང་བདག་ལགས་ལ། “བྱང་སེམས་ཅན་གྱི་བྱ་དགའ” གནང་སོང་། ཁོ་མོས་རང་གི་འཛིན་གྲོགས་དང་སློབ་མ་སྤྱི་ལ་མཐུན་འབྲེལ་བཟང་ཞིང་། ཁྱད་པར་མཐོ་སློབ་ཏུ་གནས་པའི་བདག་མེད་ཁྱི་ནད་པ་རྣམས་ལ་རང་གི་མ་ལྟར་བྱམས་བརྩེ་གནང་བར་བསྔགས་བརྗོད་ཆེན་པོ་གནང་སོོང་།

སློབ་སྤྱི་འབུམ་རམས་པ་བུ་མོ་ཚེ་རིང་ལགས་ནས་སྐུ་མགྲོན་གཙོ་བོ་མཆོག་ལ་ཕེབས་བསུའི་གཏམ་གཤད་དུ། ཏཱ་ལའི་བླ་མ་མཐོ་སློབ་འདི་ཉིད་གསར་དུ་བཞེངས་དོན་ནི། ༸གོང་ས་མཆོག་གི་བཀའ་སློབ་དང་ཨ་མ་རྗེ་བཙུན་པད་མ་ལགས་ཀྱི་དགོངས་གཞི་བཞིན་བོད་ཀྱི་རིག་གཞུང་བདག་གཅེས་གཙོས། རྒྱལ་སྤྱིར་ངོས་འཛིན་ཡོད་པའི་འདབ་གཤོག་གཉིས་ལྡན་གྱི་མཐོ་སློབ་ཚད་ལྡན་ཞིག་ཏུ་འགྱུར་རྒྱུ་དེ་ཡིན་པས། བྷེང་ལོར་མཐོ་སློབ་ཀྱི་འཛིན་སྐྱོང་མཆོག་ལ་དམིགས་བསལ་རེ་འདུན་འདི་ལྟར་ཞུས་སོང་།

བོད་ཀྱི་སྐད་ཡིག་ནི་བོད་པའི་མི་རིགས་དང་རིག་གཞུང་། རྒྱ་གར་གྱི་ན་ལེནྡྲའི་རིག་གནས་རྩ་ཆེན་བདག་གཉེར་བྱེད་པའི་སྐད་ཡིག་རྙིང་པ་ཚད་ལྡན་ཞིག་ཡིན་སྟབས། མ་འོངས་པར་ལོ་ལྔའི་བསླབ་གཞི་ཅན་གྱི་བོད་ཡིག་རིག་གནས་རབ་འབྱམས་ངོས་འཛིན་དང་། དམིགས་བསལ་རྒྱ་གར་དུ་གནས་བཅས་པའི་བོད་པ་རྣམས་ནི་ཕྱི་རྒྱལ་རྒྱལ་ཁབ་ཀྱི་མི་ཞིག་རྩ་ནས་མིན་ཞིང་། གནས་ཚང་རྒྱ་གར་དུ་སྐྱབས་བཅོལ་བ་ཞིག་ཡིན་པས། སློབ་གཉེར་བའི་སློབ་ཡོན་དེ་བཞིན་ཕྱི་རྒྱལ་ལྟ་བུ་མིན་པར་དམིགས་བསལ་ཆག་ཡང་དགོས་པའི་རེ་འདུན་ཞུས་སོང་།

མཐོ་སློབ་འདི་དངོས་སུ་བཙུགས་ནས་མི་ལོ་བཅིུག་ཧྲིལ་བོ་དང་། “ཏཱ་ལའི་བླ་མ་མཐོ་རིམ་སློབ་སློབ་གཉེར་ཁང་” གི་མཚན་བྱང་ཆོག་མཆན་ཐོབ་ནས་ལོ་ངོ་བཅུ་འགྲོ་བའི་གསལ་བཤད་དང་། སྐུ་མགྲོན་གཙོ་བོ་མཆོག་ལ་འདས་པའི་མཱཻ་སོར་གཙུག་ལག་ཁང་དུ་གནས་སྐབས་ཀྱི་སློབ་གཉེར་བའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་མདོར་བསྡུ་སྤྱན་སྒྲོན་དང་། སྐུ་མགྲོན་གཙོ་བོ་མཆོག་གིས་ལམ་སྟོན་བཞིན། ད་ལྟ་ང་ཚོས་མཐོ་སློབ་གཞན་ཁག་ལ་འབྲེལ་ལམ་བཞིན་མ་འོངས་པར་བྷེང་ལོར་མཐོ་སློབ་དང་མཉམ་འབྲེལ་གྱིས་ལས་རིམ་སྣ་མང་ཐོག་འབྲེལ་མཐུད་བྱ་འཆར་བཅས་ཀྱི་བཀའ་སློབ་གནང་སོང་།

སྐུ་མགྲོན་གཙོ་བོ་མཆོག་ནས། རྒྱ་གར་མཐོ་སློབ་ཡོངས་ཀྱི་འཛིན་སྐྱོང་གོང་མ་ཡུ་ཇི་སིས་ University Grants Commission (UGC) ཁྲིམས་མཐུན་ཁྱབ་ཁོངས་གསལ་བསྒྲགས་བྱུང་འཕྲལ། སློབ་སྤྱི་མེ་གྲམ་ཚེ་རིང་མཆོག་ནས་ང་ཚོའི་མཐོ་སློབ་ལ་འབྲེལ་བ་དང་དམིགས་བསལ་དགོས་མཁོའི་ཡིག་ཆ་རྣམས་དུས་ཐོག་ཆད་ལྷག་མེད་པར་ཡང་ཡང་ང་ཚོ་དང་འབྲེལ་བ་ཧུར་བསྐྱེད་གནང་བའི་ཉེར་ལེན་ལས། མཐོ་སློབ་འདི་ནི་ད་ལྟ་བྷེང་ལོར་མཐོ་སློབ་ཀྱི་ཁྱབ་ཁོངས་སུ་ངོས་འཛིན་ཡིན་པ་གང་ཞིག་ལ་འཛིན་སྐྱོང་རང་དབང་གི་དམིགས་བསལ་ཆོག་མཆན་མགྱོགས་པོ་སྤྲད་པར་ང་ཚོ་དགའ་སྤོབས་ཡོད།

གཞན་ཡང་ཁོང་གིས་ཁྱེད་ཚོ་བོད་པ་རྣམས་ནི། དུས་ནམ་ཡང་ང་ཚོ་དང་གཅིག་ལས་ཕྱི་མི་མིན་ཞིང་། སློབ་གཉེར་བའི་སློབ་ཡོན་ཐོག་ནས་རེད། རྒྱ་གར་དབུས་དང་ས་གནས་ཀྱི་གཞུང་སྒྲོན་རྒྱབ་གཉེར་སྙན་ཞུ། ལྷག་དོན་མ་འོངས་པར་ད་དུང་ཡང་འདི་ལས་བསླབ་གཞི་མང་ཞིང་། སློབ་གྲངས་མང་བ། ནང་ཆོས་དང་རིག་གཞུང་། ཚན་རིག་གཙོས་ལས་འཆར་མང་པོའི་འཆར་གཞི་བཏིངས་ནས་མཐོ་སློབ་འདི་བཞིན་འབུམ་རམས་པ་ (Ph.D.) བར་གྱི་ལག་འཁྱེར་ཡོད་པའི་ཐོག་ནས་རྒྱལ་སྤྱིར་སྙན་གྲགས་ཡོང་དགོས་པ་ནི་ང་ཚོའི་རྨི་ལམ་ཡིན།

རྒྱུ་མཚན་ནི་ང་ཚོ་ཚང་མ་༸གོང་ས་མཆོག་ལ་དགའ་མོས་དང་ཁོང་གི་བཀའ་སློབ་ཀྱིས་ཤུགས་རྐྱེན་ཡོད་མཁན་གཅིག་པ་ཡིན།

དེ་རིང་གི་དུས་ཆེན་རྩ་ཆེན་འདི་ལྟ་བུ་མཐོ་སློབ་འདི་གཅིག་པུར་སྲུང་བརྩི་མིན་པར་བྷེང་ལོར་མཐོ་སློབ་དང་མཉམ་འབྲེལ་གྱིས་དགེ་རྒན་བརྗེ་ལེན་དང་། རིག་གཞུང་བརྗེ་ལེན་གྱི་ལས་རིམ་མང་པོ་གནང་དགོས་པའི་ལམ་སྟོན་ཡང་གནང་སོང་།

མཇུག་ཏུ་རིགས་དྲུང་མཆོག་ལ་མཐོ་སློབ་ནས་དྲན་རྟེན་ཕྱག་རྟགས་དང་མཇལ་དར་བསྒྲོན་ཅིང་། མཛོད་སྒོ་སྲོལ་རྒྱུན་སྒོར་གཞས་ལ་རོལ་བཞིན་རྒྱལ་ཁའི་ངང་གྲོལ་སོང་།

དགོང་མོ་ཕྱག་ཚོད་ ༧:༠༠ ཐོག་སློབ་གཉེར་ལྷན་ཚོགས་ནས་གོ་སྒྲིག་གནང་བའི་རོལ་དབྱངས་དགོང་ཚོགས་དམིགས་བསལ་ལ་ཚང་མ་ཕེབས་པར་དགའ་བསུ་ཞུས།

Related Posts

No results found.

Menu